རྒྱ་གར་དང་པ་ཀི་སི་ཐན་བར་ཞི་མོལ་བསྐྱར་གསོའི་རེ་བ།
2009.07.16
༄༅༎རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་ཞི་མོལ་བསྐྱར་གསོ་བྱ་རྒྱུའི་རེ་བ་ཆེ་ཙམ་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ལྷག་པའི་ཉིན་ཤམ་ཨེལ་ཤེཀ་ཞེས་པའི་ཁ་ཆེའི་རྒྱལ་ཁབ་རྡུ་སྦའེ་གྱི་མཚོ་ཁའི་གྲོང་ཁྱེར་ནང་ཕྱོགས་བསྒྲིལ་སྤངས་བའི་རྒྱལ་ཁབ་ལྔ་བཅུ་ཙམ་གྱི་ཆེས་མཐོའི་དབུ་འཁྲིད་དབར་ཉིན་གཉིས་ཀྱི་ལྷན་ཚོགས་འགོ་འཛུགས་གནང་ཡོད་པ་རེད།
ལྷན་ཚོགས་ཀྱི་ཉིན་དང་པོའི་སྐབས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་དང་པ་ཀི་སི་ཐན་གྱི་སྲིད་བློན་སེ་ཡེརྡ་ཇི་ལ་ནི་རྣམ་གཉིས་དབར་ཟུར་མཇལ་གནང་སྟེ་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་མུམ་སྦའེ་གྲོང་ཁྱེར་ནང་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་དྲག་སྤྱོད་པའི་བཀོད་བྱུས་འོག་གཏོར་རྒོལ་ཚབས་ཆེན་བཏང་བའི་རྐྱེན་རྒྱལ་ཁབ་གཉིས་དབར་ཞི་མོལ་མཚམས་འཇོག་སོང་བ་དེ་ད་ཆ་བསྐྱར་གསོ་གནང་རྒྱུའི་སྐོར་ཕྱོགས་གཉིས་ཐུགས་འདོད་གསལ་འདོན་གནང་ཡོད་པ་རེད། དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་མ་གནང་གོང་རྒྱ་གར་གྱི་སྲིད་བློན་མཆོག་གིས་སྔ་ལོ་རྒྱ་གར་གྱི་མུམ་སྦའེ་གྲོང་ཁྱེར་ནང་གཏོར་རྒོལ་གྱི་ལས་འགུལ་བཀོད་བྱུས་བྱེད་མཁན་དྲག་སྤྱོད་མི་སྣ་ཁག་ལ་པ་ཀི་སི་ཐན་གཞུང་ཕྱོགས་ནས་གང་མགྱོགས་ཁྲིམས་བཤེར་ཡོང་བའི་རེ་བ་གསལ་འདོན་གནང་ཡོད་པ་རེད། ད་རེས་དབུ་འཁྲིད་རྣམ་གཉིས་ཀྱི་མཇལ་མོལ་སྐབས་པ་ཀི་སི་ཐན་གྱི་སྲིད་བློན་མཆོག་གིས་སྔ་ལོ་རྒྱ་གར་ནང་དྲག་སྤྱོད་པའི་གཏོར་རྒོལ་ལ་རྐྱེན་པས་ཡུལ་གྲུ་གཉིས་དབར་འབྲེལ་ལམ་ཕྲན་བུའི་ཉམ་ཆགས་སོང་ཡོད་ནའང་ཉེ་དུས་འབྲེལ་ལམ་ཡར་རྒྱས་ཀྱི་མདུན་ཕྱོགས་སུ་བསྐྱོད་བཞིན་པ་དེ་ལྟར་ཤར་བསྐྱོད་གནང་སྟེ་ལྷོ་ཨེ་ཤེ་ཡའི་མངའ་ཁུལ་གྱི་བརྟན་ལྷིང་ཆེད་གནད་དོན་གང་ཞིག་གི་ཐད་ནས་རྒྱ་གར་དང་གྲོས་མོལ་རྒྱ་ཆེ་གནང་འདོད་ཡོད་སྐོར་དང་ཡང་ཆབས་ཅིག་དོན་དམ་གྱི་ཞི་བདེ་བསྐྲུན་པར་རྒྱ་གར་དང་པ་ཀི་སི་ཐན་དབར་ཇ་མུ་དང་ཀཤི་མིར་གཙོས་པའི་ཕྱོགས་གཉིས་དབར་རྩོད་གཞི་ཅན་གྱི་གནད་དོན་ཡོངས་རྫོགས་སེལ་དགོས་པའི་སྐོར་ནན་བརྗོད་བྱས་འདུག།