རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་གྲོས་གནང་འཆར།
2011.06.23
༄༅༎ལོ་གཉིས་ཙམ་རིང་རྒྱ་གར་དང་ཁྱིམ་མཚེས་པ་ཀི་སི་ཏན་གཉིས་དབར་གྲོས་མོལ་བྱེད་ཐུབ་མེད་ཀྱང་སླར་ཡང་ལོ་འདིའི་འགོ་སྟོད་དུ་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་འདུའི་ཐོག་ཡུལ་གཉིས་དབར་གྲོས་མོལ་སླར་གསོ་བྱེད་རྒྱུའི་མོས་མཐུན་བྱུང་བར་བརྟེན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་མཆོག་དེ་རིང་པ་ཀི་སི་ཏ་ནང་ཕེབས་འབྱོར་བྱུང་ཡོད་པ་རེད། ཕྱོགས་གཉིས་ཀྱི་ཕྱི་སྲིད་དྲུང་ཆེའི་དབར་ཉིན་གཉིས་རིང་གྲོས་མོལ་གནང་བའི་རྗེས་སུ་ཟླ་བ་རྗེས་མ་ཕྱི་སྲིད་བློན་ཆེན་རྣམ་གཉིས་དབར་མཇལ་འཕྲད་གནང་རྒྱུ་ཡིན་འདུག
པ་ཀི་སི་ཏན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ད་རེས་མཇལ་འཕྲད་འདིའི་ཐོག་ནས་གྲུབ་འབྲས་བཟང་པོ་ཞིག་ཐོན་པའི་རེ་བ་ཡོད་ཅེས་འགྲེལ་བརྗོད་བྱེད་འདུག ཁོང་གཉིས་དབར་རྩོད་རྙོག་ཅན་གྱི་འཇའ་མུ་ཀ་ཤི་མིར་དང་། ཞི་བདེ། སྲུང་སྐྱོབ་བཅས་ཀྱི་གནད་དོན་ཐོག་བཀའ་མོལ་གནང་འཆར་ཡོད་ཀྱང་གནད་དོན་གཞན་པའི་ཐོག་ལའང་བཀའ་མོལ་ཡོང་སྲིད་པ་རེད་ཅེས་གསུངས་འདུག ཡང་ཕྱོགས་གཉིས་དབར་འཇིགས་སྐུལ་དྲག་སྤྱོད་པའི་གནད་དོན་ཐོག་ལའང་གྲོས་མོལ་གནང་སྲིད་པའི་ཚོད་རྩིས་བྱེད་ཀྱི་ཡོད་པ་རེད།