རྒྱ་གར་སྲིད་བློན་གྱིས་སྲི་ཞུའི་ལས་བྱེད་ཚོར་བཀའ་བཀྱོན་གནང་འདུག
2014.08.15
རྒྱ་གར་རང་བཙན་གྱི་ཉིན་མོར་སྲིད་བློན་མཆོག་གིས་མཁར་དམར་ཞེས་གྲགས་ཆེ་བའི་ཕོ་བྲང་ནས་རྒྱལ་ཡོངས་སུ་གསུང་བཤད་གནང་འདུག
རྒྱ་གར་རང་བཙན་ཉིན་མོའི་གསུང་བཤད་ཐོག་ སྲིད་བློན་Narendra Modi མཆོག་ནས་ རྒྱ་གར་གྱི་གྲལ་རིམ་སྤྱི་ཚོགས་དང་སྲི་ཞུའི་ལས་ཀྱི་སྣེ་མོ་ཚོའི་སྤྱི་དོན་གྱི་འགན་ཁུར་བཞེས་ཕྱོགས་དང་ལས་དོན་གྲུབ་ཕྱོགས་ལ་བཀའ་བཀྱོན་ནན་པོ་གནང་འདུག
སྤྱི་ཟླ་༨པའི་ཚེས་༡༥ཉིན་ནི་རྒྱ་གར་རང་བཙན་གྱི་ཉིན་མོ་ཡིན་པ་དང་། སྲོལ་རྒྱུན་ལྟར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་Narendra Modiམཆོག་གིས་རྒྱལ་ས་ལྡི་ལིའི་Red Fortའམ་མཁར་དམར་ཞེས་གྲགས་ཆེ་བའི་ཕོ་བྲང་ནས་རྒྱལ་ཡོངས་སུ་གསུང་བཤད་གནང་ཡོད་པ་རེད། ནང་དོན་གྱི་ཆ་ནས་སྲིད་བློན་Modiཡིས་སྤྱི་ཚོགས་བདེ་དོན་དང་སྤྱི་ཚོགས་ཡར་རྒྱས་གཏོང་གལ་ཆེ་བའི་གནད་དོན་གླེང་འདུག་ལ་ལྷག་པར་དུ་ཉེ་བའི་དུས་སུ་རྒྱ་གར་ནང་བེུད་ལ་གཙན་གཡེམ་བྱས་པའི་གནས་ཚུལ་བསྟུད་མར་བྱུང་བཞིན་པ་དེ་དག་གིས་རྒྱལ་ཁབ་ངོ་ཚ་ཁ་སྐྱེངས་ཀྱི་གནས་ཚུལ་ཆགས་པ་དང་། བེུད་ལ་བཙན་གཡེམ་ལ་སོགས་པའི་བྱ་སྤྱོད་དང་། ལྷག་པར་དུ་བུ་མོ་སྐྱེས་མ་ཐག་གསོད་པ་སོགས་ཕོ་མོ་འབྱེ་འབྱེད་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གནང་ཞིང་། དེ་དག་མཚམས་འཇོག་སླད་སྤྱི་ཚོགས་ཀྱི་བསམ་བློ་ཡར་རྒྱས་འགྲོ་དགོས་པ་དང་། དེའི་ཐོག་སྤྱི་ཚོགས་ནང་རྒན་གཞོན་དབྱེ་མེད་དང་། མཐོ་མཐའ་བར་གསུམ་ཚང་མར་འགན་འཁྲི་ཆགས་ཡོད་པའི་སྐོར་ནན་བརྗོད་གནང་འདུག ཡང་སྲིད་བློན་མཆོག་གིས། ཁོང་གིས་སྲིད་བློན་གྱི་ལས་འཁུར་བཞེས་པའི་རྗེས་འཛིན་སྐྱོང་ནང་གཞུང་གི་མ་ལག་ལས་ཁུངས་བཅས་པར་ལས་དོན་ཚགས་ཚུད་མེད་པའི་གཟིགས་ཚུལ་གསལ་འདོན་གནང་འདུག དཔེར་ན། དབུས་གཞུང་གི་སྲི་ཞུའི་ལས་བྱེད་པ་ཚོ་ལས་ཁུངས་སུ་དུས་ཐོག་མ་སླེབས་དང་། ལས་འགན་དུས་འགྱང་གཏོང་བ། ལྷན་ཁང་ཕན་ཚུན་དབར་དབང་ཆ་འཐབ་རྩོད་བྱེད་པ་སོགས་འཐུས་ཤོར་གྱི་རྒྱུ་རྐྱེན་མང་དག་ཅིག་ལ་སྐྱོན་བརྗོད་དང་། ད་ཕན་རྒྱལ་ཁབ་ཡར་རྒྱས་ཀྱི་འཕེལ་རིམ་གང་ཡོད་པ་དེ་དག་གཞུང་འཛིན་སྲིད་དོན་པ་དང་། དབང་ཆ་ཆེ་བའི་གྲལ་རིམ་སྤྱི་ཚོགས་དང་སྲི་ཞུའི་ལས་བྱེད་ཚོའི་བྱས་རྗེས་ལ་བརྟེན་ནས་མ་ཡིན་པར་དེ་ལས་ལྡོག་སྟེ་མི་མང་དཀྱུས་མའི་ཧུར་བརྩོན་དང་འཇོན་ཐང་ལས་བྱུང་བའི་དྲན་སྐུལ་གནང་འདུག
སྲིད་བློན་Modi མཆོག་མི་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་གནང་པའི་ཆ་ནས་གསུང་བཤད་གནང་སྟངས་དང་ལྷག་པར་དུ་གསུང་བཤད་ཀྱི་ནང་དོན་དེ་དག་མི་མང་དཀྱུས་མའི་བདེ་སྡུག་ཚོེར་བ་རྣོན་པོས་མཚོན་པ་གནང་ཡོད་སྐོར་བརྒྱུད་ལམ་ཁག་གི་གནས་ཚུལ་བཀོད་ཡོད་པ་དང་། དེ་སྔོན་གྱི་སྲིད་བློན་རྣམ་པའི་རང་བཙན་ཉིན་མོའི་གསུང་བཤད་དང་ཁྱད་པར་ཞིག་ལ་སྲིད་བློན་Modi མཆོག་གིས་དུས་ཡུན་སྐར་མ་༤༥ཙམ་གྱི་གསུང་བཤད་ཡོངས་རྗོགས་དབྱིན་སྐད་མ་ཡིན་པར་ཧིན་རྡིའི་སྐད་གདངས་ཐོག་གནང་པ་དང་། གསུང་བཤད་དེ་ཡང་ཡིག་ཐོག་ཏུ་མེད་པར་ཆ་ཚང་ངག་ཐོག་ནས་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།