༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེང་དུས་ཤེས་ཡོན་དང་མཉམ་འབྲེལ་ཐུབ་ཚེ་སྤྱི་ཚོགས་མཐུན་སྒྲིལ་ཡོང་ངེས་ཡིན་ཞེས་བཀའ་སྩལ་མཛད་འདུག

2025.04.03
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེང་དུས་ཤེས་ཡོན་དང་མཉམ་འབྲེལ་ཐུབ་ཚེ་སྤྱི་ཚོགས་མཐུན་སྒྲིལ་ཡོང་ངེས་ཡིན་ཞེས་བཀའ་སྩལ་མཛད་འདུག རྒྱ་གར་གྱི་གནའ་བོའི་ཤེས་རབ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བགྲོ་གླེང་དབུ་འཛུགས་སྐབས། ༢༠༢༥།༠༤།༠༣ ཉིན།
Photo: RFA

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པ་༸གོང་ས་ཏཱ་ལའི་བླ་མའི་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གིས་གོ་སྒྲིག་གནང་སྟེ། ཟླ་ ༤ པའི་ཚེས་ ༣ ནས་ ༤ བར་ཉིན་གཉིས་ཀྱི་རིང་། ཕྱི་རོལ་པ་དང་ནང་པའི་མཁས་པ་ ༤༠ ལྷན་འཛོམས་ཀྱིས་རྒྱ་གར་གྱི་གནའ་བོའི་ཤེས་རབ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་ཡོད་ཅིང་། སྐབས་དེར་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་ལས་འཆར་འབྲེལ་མཐུད་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་ལྗགས་ཀློག་གནང་བའི་ནང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དམིགས་བསལ་ཆོས་དང་མ་འབྲེལ་བར་དེང་དུས་ཀྱི་ཤེས་ཡོན་དང་མཉམ་འབྲེལ་གནང་ཐུབ་ན། སྤྱི་ཚོགས་མཐུན་སྒྲིལ་དང་བཟང་སྤྱོད་ལྡན་པའི་འཚོ་བ་སྐྱེལ་སྟངས་ཤིག་དར་སྤེལ་གཏོང་ཐུབ་པའི་སྐོར་བཀའ་སྩལ་དང་སྦྲགས། ལྟེ་གནས་ཁང་གི་དམིགས་ཡུལ་གཙོ་བོ་ནི་རྒྱ་གར་གྱི་གནའ་བོའི་ཤེས་རབ་ཁོ་ནའི་སྟེང་དོ་སྣང་འདྲེན་རྒྱུ་ཙམ་མིན་པར། དེང་རབས་ཀྱི་ཚན་རིག་དང་འཕྲུལ་ལས་མཉམ་དུ་གནའ་བོའི་ཤེས་རབ་བཀོལ་ཐུབ་པའི་འབད་བརྩོན་བསྟེན་ཐུབ་ན། དེང་རབས་ཀྱི་འཇིག་རྟེན་འདི་བདེ་འཇགས་དང་བདེ་སྐྱིད་ལྡན་པ། འཆམ་མཐུན་ཡོད་པ་ཞིག་ཡོང་ཐུབ་པ་སོགས་བཀའ་ཕེབས་འདུག

མཛད་སྒོའི་ཐོག་བཅར་བའི་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་སྐུ་ཚབ་རྒྱ་གར་གྱི་རིག་གཞུང་དང་འབྲེལ་ལམ་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པ་ (Abhay Kumar) ལགས་ཀྱིས་བརྙན་ལམ་ནས་བཏང་བའི་གསུང་བཤད་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་ལྟེ་གནས་ཁང་འདི་འཛམ་གླིང་གི་ལྟེ་གནས་ཁང་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མི་དགོས་ཤིང་། རྒྱ་གར་ནཱལེན་དྲའི་རིང་ལུགས་ཀྱི་རྟོག་དཔྱོད་དང་དབྱེ་ཞིབ་ཀྱི་རིགས་ལམ་སོགས་ལ་བསྔགས་བརྗོད་དང་འབྲེལ། ལྟེ་གནས་ཁང་དེ་བཞིན་འཛུགས་ཐུབ་པར་དགའ་སྤྲོ་ཡོད་པ་གསལ་སྟོན་གནང་གི་འདུག དེ་ཡང་ཁོང་གིས། “རྒྱ་གར་གྱི་ནཱལེན་དྲའི་མཁས་པ་རྣམས་ཀྱིས་བོད་ལ་ནང་ཆོས་དར་སྤེལ་གནང་བ་ཞིག་དང་། བོད་ཀྱི་ནང་ཆོས་ནི་ནཱལེན་དྲའི་རིང་ལུགས་ནས་རྩ་བ་གཏིང་ཟབ་ཚུགས་ཤིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནཱལེན་དྲའི་སྲོལ་རྒྱུན་ནི་ཆོས་ལུགས་ཁོ་ན་ཞིག་མིན་པར། ནང་སེམས་ཀྱི་ཚན་རིག་ཅིག་ཡིན་པར་ཐེངས་མང་གསུངས་པར་ངོས་ནས་བརྒྱ་ཆ་བརྒྱ་ཡིད་ཆེས་དང་ངོས་ལེན་བྱེད་ཀྱི་ཡོད་པ་སྟེ། ནཱལེན་དྲའི་རིང་ལུགས་ཀྱིས་རྟོག་དཔྱོད་དང་དགག་སྒྲུབ།བརྒལ་བརྟག་དང་དབྱེ་ཞིབ་གཏིང་ཟབ་གནང་ལམ་ཡོད་པས། རྒྱ་གར་རྡོ་རྗེ་གདན་དུ་བོད་དང་རྒྱ་གར་གྱི་གནའ་བོའི་ཤེས་རབ་ཀྱི་ལྟེ་གནས་ཤིག་བཙུགས་ཐུབ་པར་ང་རང་ཧ་ཅང་དགའ་སྤྲོ་ཡོད།” ཅེས་གསལ་སྟོན་གནང་སོང་།

WhatsApp Image 2025-04-03 at 1.44.22 PM (2).jpeg
རྒྱ་གར་གྱི་གནའ་བོའི་ཤེས་རབ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བགྲོ་གླེང་དབུ་འཛུགས་སྐབས། ༢༠༢༥།༠༤།༠༣ ཉིན།

གཞན་ཡང་ལྟེ་གནས་ཁང་གི་ངེས་སྟོན་པ་སེར་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་། ནང་སེམས་ཀྱི་དཀའ་ངལ་སེལ་བར་རྒྱ་གར་དང་བོད་ཀྱི་མཁས་པའི་གསུང་ལ་སློབ་གཉེར་ཉམས་ལེན་གནང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་གནང་དོན་ལ། གཞོན་སྐྱེས་ཚོར་དེང་རབས་ཀྱི་མཐུན་རྐྱེན་ཕལ་ཆེ་བ་ཡོད་ཀྱང་། རང་ཤི་རྒྱག་པ་སོགས་ཀྱི་གནས་ཚུལ་མངོན་གསལ་དོད་པོ་མང་དུ་འབྱུང་བཞིན་པ་མ་ཟད། ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁ་ཤས་ནང་སེམས་ཀྱི་དཀའ་ངལ་ཇི་བས་ཀྱང་ཆེ་བར་འབྱུང་བཞིན་པ་དེས། དངོས་པོའི་ཡར་རྒྱས་ཙམ་གྱིས་འགྲོ་བ་མིའི་དགོས་མཁོ་བསྐང་ཐུབ་ཀྱི་མེད་པ་གསལ་བོ་རེད། འོན་ཀྱང་ང་ཚོའི་ནང་སེམས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་རྒྱུར་ང་ཚོ་རང་ཉིད་ཀྱི་སེམས་ལ་ནུས་པ་ཁྱད་པར་དུ་འཕགས་པ་ཞིག་ཡོད་པ་སྟེ། རྒྱུ་མཚན་དེ་ཚོའི་དབང་གིས་ང་ཚོས་རྒྱ་གར་དང་བོད་ཀྱི་མཁས་པ་མང་པོས་འགྲོ་བ་མིའི་སེམས་དང་སེམས་བྱུང་གི་རིགས་སྣ་ཚོགས་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ་ཡར་རྒྱས་བཏང་ཡོད་པར། སློབ་སྦྱོང་ཉམས་ལེན་གནང་གལ་ཆེན་པོ་ཡིན་པ་ལམ་སྟོན་གནང་གི་འདུག

བགྲོ་གླེང་འདིར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་མཛད་པ་དང་འབྲེལ། བོད་ཀྱི་ནང་ཆོས་ཀྱི་མཁས་པ་ཚོས་ནང་དོན་རིག་པའི་སྐོར་དང་རྒྱ་གར་གྱི་མུ་སྟེགས་གྲངས་ཅན་པ་དང་། རིག་བྱེད་མཐའ་བ་པའི་ལྟ་གྲུབ་ཀྱི་འདོད་ཚུལ་གཞིར་བཟུང་གཞི་དངོས་པའི་གནས་ཚུལ་སྟེང་དུའང་བགྲོ་གླེང་དང་དགོངས་ཚུལ་བརྗེ་རེས་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎