༧གོང་ས་མཆོག་ཏོག་དབྱིབས་རིམས་ནད་སྐབས་འཛམ་གླིང་གི་དབུ་ཁྲིད་མཛད་འཕྲིན་མང་ཤོས་སྐྱོང་གནང་མཛད་མཁན་ཞིག་ཆགས་ཀྱི་ཡོད་པ།

2021.12.31
༧གོང་ས་མཆོག་ཏོག་དབྱིབས་རིམས་ནད་སྐབས་འཛམ་གླིང་གི་དབུ་ཁྲིད་མཛད་འཕྲིན་མང་ཤོས་སྐྱོང་གནང་མཛད་མཁན་ཞིག་ཆགས་ཀྱི་ཡོད་པ།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ཐོག་ནས་འཛམ་གླིང་གི་དབུ་ཁྲིད་རྣམ་ལ་མཇལ་འཕྲད་དང་། ཉེན་རྟོག་སྒྲིག་འཛུགས་དང་།  ཚན་རིག་པ། ཤེས་ཡོན་ལྟེ་གནས་ཁང་དང་། འཕྲོད་བསྟེན་ཞབས་ཞུ་བ་སོགས་སྤྱི་ཚོགས་ཀྱི་སྡེ་ཁག་མི་འདྲ་བ་མང་པོར་བཀའ་སློབ་བསྩལ་གནང་བ། དེ་བཞིན་བོད་རིགས་གཙོས་པའི་ཡུལ་གྲུ་འདྲ་མིན་གྱི་ནང་ཆོས་དད་ལྡན་པར་ཆོས་འབྲེལ་གསུང་ཆོས། རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཁག་ལ་དབུ་བཞུགས་དང་གསུང་འཕྲིན་བཀའ་སྩལ་གནང་སོགས་ཀྱི་མཛད་འཕྲིན་མང་པོ་བསྐྱངས་གནང་མཛད་ཅིང་། དགའ་ལྡན་ཕོ་བྲང་གི་དྲ་རྒྱ་གཅིག་པོའི་ཐོག་ནས་སྐད་ཡིག་མི་འདྲ་བ་བཅོ་བརྒྱད་བརྒྱུད་མཇལ་མཁན་མི་གྲངས་ས་ཡ་༢༨ཙམ་བྱུང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བསྡོམས་འབོར་མཁོ་སྤྲོད་གནང་པའི་ནང་འཁོད་འདུག་པ་ལས། དེའི་ཁྲོད་ནས་བརྒྱ་ཆ་དགུ་བཅུ་ཙམ་བོད་སྐད་མ་ཡིན་པ་ཕྱིའི་སྐད་ཡིག་གཞན་ལ་སྤྱོད་མཁན་ཡིན་འདུག།

འདས་པའི་ལོ་གཉིས་རིང་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་བྱུང་བའི་གནས་སྟངས་འོག། ཕྱི་ལོ་༢༠༢༡ལོ་འཁོར་མོའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། རྒྱ་གར་གྱི་གནད་ཡོད་མི་སྣ་རེ་ཟུང་ལ་དངོས་སུ་མཇལ་ཁ་བསྩལ་གནང་མཛད་པ་ལས།  དེ་མིན་གྱི་མཛད་འཆར་ཡོངས་རྫོགས་དྲ་རྒྱའི་ཐོག་ནས་བསྐྱངས་གནང་མཛད་ཡོད་པ་རེད། དཔེར་ན་ལོ་འཁོར་མོ་འདིའི་རིང་ཡུལ་གྲུ་འདྲ་མིན་གྱི་དད་ལྡན་པ་ཚོར་ཆོས་འབྲེལ་གསུང་ཆོས་དང་། ནང་པ་མ་ཡིན་པའི་ཆོས་ལུགས་དཔེར་ན་ཡེ་ཤུ་དང་ཁ་ཆེ། ཧིན་དུ་སོགས་ཀྱི་བླ་ཆེན་རྣམ་པ་དང་བགྲོ་གླེང་། ཉེན་རྟོག་དཔུང་སྡེའི་སྒྲིག་འཛུགས་ཀྱི་མི་སྣར་བཀའ་སློབ་དང་བགྲོ་གླེང་། ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་དང་ཚོགས་སྡེ་མི་འདྲ་བར་བཀའ་སློབ། འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་མི་སྣ་དང་བགྲོ་གླེང་། གྲགས་ཆེ་བའི་འཛམ་གླིང་ཤར་ནུབ་ཀྱི་ཤེས་ཡོན་ལྟེ་གནས་ཁང་གི་དགེ་སློབ་ཁག་ལ་བཀའ་སློབ་དང་བགྲོ་གླེང་། སྙན་གྲགས་ཆེ་བའི་གསར་འགོད་པ་དང་དྲ་ཐོག་མཇལ་མོལ་སོགས་ཀྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཐོག་གི་མཛད་འཕྲིན་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་མཐུན་སྦྱོར་འོག་བོད་སྐད་དང་། རྒྱ་སྐད། དབྱིན་སྐད། ཧྥ་རན་སི། ཇར་མན། ཧིན་དི། ཨི་ཊ་ལི། ཉེ་ཧོང་། ཀོ་རི་ཡ། ལ་དྭགས་ཡུལ་སྐད། སོག་སྐད། བལ་པོ། པོར་ཅུ་གྷིསི། ར་ཤེ་ཡ། སཔེན། ཝིཡེཏ་ནམ། ཨིན་ཌུ་ནེ་ཤེ་ཡ།ཐཡེ་ལེནཌ་བཅས་སྐད་ཡིག་མི་འདྲ་བ་བཅོ་བརྒྱད་ཙམ་གྱི་ནང་རྒྱང་སྲིང་ཞུས་ཤིང་། ཏོག་དབྱིབས་རིམ་ནད་ཁྱབ་གདལ་གྱི་ཛ་དྲག་ཆེ་བའི་དུས་སྐབས་འདིར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གི་ཆོས་ལུགས་ཀྱི་དབུ་ཁྲིད་མཛད་འཕྲིན་མང་ཤོས་སྐྱོང་མཁན་དེ་གནང་ཡོད་པ་ཚོད་དཔག་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎