བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་སྐོར།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་དང་གནང་མུས་ཡིན་པའི་སྐོར།

2011.08.09

༄༅།འཕྲོད་བསྟེན་བཀའ་བློན་མཆོག་གིས་།བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་བོད་མི་གནས་སྡོད་ཁག་ལ་སྨན་རྩིས་ཁང་གི་སྨན་ཁང་ཁག་༥༥ དང་འཕྲོད་བསྟེན་ལྷན་ཁང་གི་སྨན་ཁང་ཁག་༥༤ གསར་འཛུགས་ཐུབ་ཏེ། བོད་མི་ཚོའི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཐོག་ལ་ཞབས་འདེབས་ཞུ་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། འཕྲོད་བསྟེན་བཀའ་བློན་མཆོག་གིས་ད་བར་བཙན་བྱོལ་བོད་མི་ཚོའི་འཕྲོད་བསྟེན་ཡར་རྒྱས་ཐོག་ལ་ལེགས་སྐྱེས་ཇི་ཙམ་ཕུལ་བའི་སྐོར་ལ་གནས་ཚུལ་སྙིང་བསྡུས་ཤིག་སྤེལ་བའི་ནང༌། བོད་མིའི་འཕྲོད་བསྟེན་ལྷན་ཁང་དེ་ནི། ཕྱི་ལོ་༡༩༨༡ ལོའི་ཕྱི་ཟླ་༡༢ པའི་ནང་གསར་འཛུགས་གནང་བ་ནས་བཟུང༌། བོད་མི་གནས་སྡོད་ཁག་ཏུ་བོད་ལུགས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་ཕྱི་ལུགས་སྨན་ཁང་ཁག་རིམ་བཞིན་གསར་འཛུགས་གནང་སྟེ་མང་ཚོགས་ཚོའི་གཞི་རིམ་གྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་གནང་སྟེ། འགོས་ནད་ཅན་གྱི་ནད་གཞི་ཀྲི་སྦི་(TB)སྔོན་འགོག་གི་ལས་གཞི་དང༌། མཛེ་ནད་སྨན་བཅོས་ཀྱི་ལས་གཞི། མ་དང་བྱིས་པ་བདེ་ཐང་གི་ལས་གཞི། ཐ་མག་ཉལ་ཐ་དང་དུག་རྫས། བཟི་སྨན་སོགས་གོམས་གཤིས་ངན་པ་རིགས་འགོག་ཐབས་དང་སྨན་བཅོས་ཀྱི་ལས་གཞི། དེ་བཞིན་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲ་དང༌། བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་འཚོ་སྣོན་དང་སྨན་བཅོས་རོགས་རམ་གྱི་ལས་གཞི། འཕྲོད་བསྟེན་སློབ་གསོའི་ལས་གཞི། སེམས་ཁམས་འཕྲོད་བསྟེན་ལས་གཞི། ནད་རིགས་གྲངས་ཐོ་ཕྱོགས་བསྡུའི་ལས་གཞི་བཅས་ཀྱི་ཐོག་ལ་འཕྲོད་བསྟེན་ལྷན་ཁང་ནས་འགན་འཁུར་རྐང་བཞེས་ཀྱིས་ལག་བསྟར་གནང་དང་གནང་མུས་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་ཚགས་ཚུད་དེ་འདྲ་ཞིག་ལག་བསྟར་གནང་བཞིན་པ་དང༌། འབྲེལ་ཡོད་ལས་བྱེད་ཚང་མས་འགན་འཁུར་མཉམ་ལེན་བྱེད་པར་སྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཡང༌། ད་དུང་ཡང་ས་གནས་སྨན་ཁང་ཁག་ལ་སྨན་པ་མི་འདེངས་བའི་དཀའ་ངལ་དང༌། འཛམ་གླིང་ནང་དར་ཁྱབ་ཆེ་བའི་ཨེཛ་(AIDS)འགོས་ནད་ཀྱི་ཐོག་ལ་བོད་པའི་སྤྱི་ཚོགས་ནང་གོ་རྟོག་མེད་པ་དང་སྔོན་འགོག་གི་སློབ་གསོ་འདེངས་མིན་གྱི་ཞན་ཆ་ཡོད་པ་རྣམས་ཀྱི་དཀའ་ངལ་སེལ་ཐབས་འབད་བརྩོན་གནང་བ་དང༌། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་དེའི་ནང་ནས་གཞོན་སྐྱེས་ཚོར་དམིགས་ཏེ། ནད་གཞི་ཛ་དྲག་དང་གལ་གནད་ཆེ་ཆུང་བྱས་ཏེ། ཨེཛ་འགོས་ནད་དང༌། ཀྲི་སྦི་འགོས་ནད། དུག་རྫས་དང་བཟི་སྨན་ངན་ཤོར་རིགས། མཆིན་པའི་གཉན་ཚད་རིགས་ལ་སྔོན་འགོག་དང་སྨན་བཅོས་ལས་གཞི་ཁག་། དེ་བཞིན་ཁྲག་ཤེད་མཐོ་བའི་ནད་གཞི་དང་། གཅིན་སྙི་ནད་གཞི་ལྟ་བུར་ཟས་དང་སྤྱོད་ལམ་གྱི་ཐོག་ནས་སྔོན་འགོག་ཡོད་པ་ཁག་ལ་ནུས་པ་ལྡན་པའི་སློབ་གསོ་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར་དང༌། གཞན་ཡང་བཙན་བྱོལ་བོད་མིའི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས་སུ། སྨན་བཅོས་རོགས་རམ་གྱི་ལས་གཞི་གསར་པ་ཞིག་ཕྱི་ཟླ་གསུམ་པའི་ཚེས་༩ ཉིན་གསལ་བསྒྲགས་བྱས་ཟིན་པ་བཞིན། སྨན་བཅོས་རོགས་རམ་གྱི་ལས་གཞི་དེའི་ནང་ཞུགས་བློ་ཡོད་རིགས་ཀྱི་མིང་ཐོ་ལེན་རྒྱུ་སོགས་ཀྱི་ལས་གཞི་འགོ་བཙུགས་ཟིན་པ་དང༌། འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་༡ ནས་དངོས་སུ་ལག་བསྟར་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎