བོད་ཨ་མདོ་རྔ་པ་ཁུལ་དུ་དམ་བསྒྲགས་བྱེད་པར་སྐྱོན་བརྗོད།
2011.04.14
༄༅༎ལྷོ་ཨཕ་རི་ཀའི་ཆབ་སྲིད་ཚོགས་པ་ཞིག་གིས་བོད་ཀྱི་ཨ་མདོ་རྔ་པ་ཁུལ་རྒྱ་ནག་གཞུང་གི་དམ་བསྒྲགས་བྱེད་ཕྱོགས་ལ་སྐྱོན་བརྗོད་ཞུས་ཡོད་འདུག
དེ་ཡང་ཨིན་ཀ་ཐ་ཞེས་པའི་ལྷོ་ཨཕ་རི་ཀའི་ནང་གི་ཆབ་སྲིད་ཚོགས་པ་དེའི་མགྲིན་ཚབ་པ་མ་རིའོ་ ཨོ་རེ་ནི་ ཨམ་བྷོ་རོ་སི་ནིས། རྒྱ་ནག་གཞུང་གིས་བོད་ཀྱི་ཨ་མདོ་རྔ་པ་ཁུལ་གྱི་ཀིརྟི་དགོན་པའི་དགེ་འདུན་པ་ཚོ་ཕྱི་ཕྱོགས་ལ་འགྲོ་མི་ཆོག་པ་དང་། ཕྱི་ཕྱོགས་ནས་ཟ་འབྲུའི་རིགས་འོར་འདྲེན་བྱེད་མ་བཅུག་པ་སོགས་དམག་མིས་བཀག་སྡོམ་འོག་ཁོང་ཚོའི་ཐོག་མི་སྤྱོད་ལས་འགལ་བའི་དྲག་གནོན་བྱེད་སྟངས་ལ་ང་ཚོ་བློ་འཚབ་ཆེན་པོ་བྱུང་། གལ་སྲིད་གནས་སྟངས་འདི་མུར་བཞག་པ་ཡིན་ན་དགེ་འདུན་པ་ཚོ་ལྟོག་སྐོམ་གྱི་དཀའ་ངལ་ཆེན་པོ་ཆགས་རྒྱུ་དང་། གནས་སྟངས་དེ་འདྲའི་འོག་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་མཐའ་མ་གནས་སྟངས་ཐབས་སྡུག་པོ་ཞིག་ཡོང་རྒྱུའི་ཉེན་ཁ་ཡོད་རེད་ཅེས་གསུངས་པ་དང་། སྦྲགས་ཉེ་ཆར་དགེ་འདུན་པ་ཞིག་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ལུང་དྲངས་བྱས་ཡོད་འདུག
ཨིན་ཀ་ཐ་ཞེས་པའི་ཆབ་སྲིད་ཚོགས་པ་དེ་ནི་དེ་སྔ་ལྷོ་ཨཕ་རི་ཀའི་ནང་། མི་རིགས་དཀར་ནག་གི་དབྱེ་འབྱེད་ཤུགས་ཆེན་པོ་ཡོད་པའི་དུས་སུ་ཛུ་ལུ་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་བཙུགས་པའི་སྒེར་ལངས་ཚོགས་པ་ཞིག་ཡིན་པ་དང་། དེང་སང་ལྷོ་ཨཕ་རི་ཀའི་གྲོས་ཚོགས་ནང་ཚོགས་མི་གྲངས་ཚང་མང་བའི་གྲས་ཤིག་ཡིན་འདུག