བོད་མི་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་བསྐྱེད།
2015.03.11

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་བོད་མི་ཚོའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུམ་བཅུའི་དུས་དྲན་ཐོག་ཨ་རིའི་རྒྱལ་ས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་གནང་བའི་ནང་། ལས་འགུལ་ཁང་གི་ཚོགས་
གཙོ་Matteo Mecacciཡིས། ༡༩༥༩ལོའི་ཕྱི་ཟླ་༣པའི་ཚེས་༡༠ཉིན་བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་པ་དང། ད་ཆ་ལོ་ངོ་༥༦ཕྱིན་ཚར་བའི་རྗེས་སུའང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ། དཔེར་ན་དེང་སང་བོད་ནང་རྒྱ་མིའི་དཔུང་དམག་འཕོན་ཆེ་འགྲེམས་འཇོག་བྱས་པ་དང་། ཉེན་རྟོག་པའི་ཞིབ་བཤེར་འགག་སྒོ་མང་པོ་བཙུགས་པ་སོགས་བོད་མིའི་ཐོག་དམ་བསྒྲགས་ཇི་ཙམ་བྱས་ཀྱང་རུང་། བོད་ནང་གི་བོད་མི་ཚོས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་བཞིན་ཡོད་པ་དང་། བོད་མི་རིགས་ཀྱི་ངོ་བོ་གསལ་བཏོན་བྱ་རྒྱུའི་ཆོད་སེམས་ཆེ་རུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ་བོད་ནང་གི་བོད་མི་ཚོའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་གདུངས་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་འདུག
དེ་བཞིན་ཡང་ཕྱི་ཟླ་༣པའི་ཚེས་༡༤ཉིན་ཕ་རེན་སི་རྒྱལ་ས་པེ་རིསི་ནང་ཡུ་རོབ་ཀྱི་ས་ཕྱོགས་གང་ས་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས། བོད་མིའི་རང་དབང་འཐབ་རྩོད་དང་༧གོང་ས་མཆོག་དགུང་གྲངས་བརྒྱ་བཅུར་ཕེབས་པའི་གྱ་སྟོན་འདུ་འཛོམས་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་མཉམ་བཞུགས་གནང་རྒྱུ་ཡིན་པ་དང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཆིག་སྒྲིལ་ལྷན་ཚོགས་ཀྱི་སྲིད་བྱུས་ངེས་སྟོན་པ་Vincent Mettenགིས། སུད་སིའི་ཟུར་སའི་རི་མོ་མཁས་ཅན་Coseyཐེ་པའི་རི་མོའི་སྒྱུ་རྩལ་ལ་མཁས་པ་དང་ཟུར་སའི་རི་མོ་བྲིས་གནང་མཁན་ཁག་ཅིག་ལ་གསུམ་པའི་བཅུ་བཞིའི་ཉིན་གྱི་པེ་རིསི་ནང་གི་མང་ཚོགས་འདུ་ཚོགས་སྐབས་བོད་ནང་ཆོས་དད་རང་དབང་སོགས་གང་ཅིའི་གནས་སྟངས་ཡག་པོ་མེད་པའི་མངོན་ཚུལ་རི་མོ་བྲིས་གནང་རྒྱུའི་འབོད་སྐུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།