བདེན་པའི་སྒྲོན་མེའི་གཟེངས་རྟགས།
2018.02.25
འདི་ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་ཨ་མ་Grace Spring ལགས་སུ་ཕུལ་ཡོད་པ་རེད།
བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའམ་བོད་ཀྱི་ལོ་གསར་ཚེས་གཉིས་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་འོག་Vermont ས་གནས་བོད་རིགས་ཚོགས་པས་མཐུན་འགྱུར་གནང་སྟེ་ད་ལྟ་ཨ་མ་Grace ལགས་བཞུགས་ཡུལ་Burlington གྲོང་ཁྱེར་ནང་ཡོད་པའི་ཡེ་ཤུའི་ཕྱག་འཚལ་ཁང་ཞིག་ནང་མི་མང་༡༥༠་ཙམ་འདུ་འཛོམས་ཀྱིས་ཨ་མ་Grace ལགས་ཀྱིས་ལོ་མང་རིང་བོད་དོན་ཐད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུས་པ་དང་སྦྲགས་འདི་ལོའི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་ཁོང་ལ་ཕུལ་ཡོད་པ་རེད། འདི་ལོ་དགུང་གྲངས་༨༤ལ་ཕེབས་པའི་ཨ་མ་Grace ལགས་ཀྱིས་འདས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རེས་གཟའ་པ་སངས་ནམ་ཡིན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ནས་བོད་དོན་ཐད་མང་ཚོགས་ཀྱི་ཐུགས་སྣང་ཆེ་ཆེར་གཏོང་རྒྱུར་ཐུགས་ཕན་ཆེན་པོ་བསོད་ཡོད་པ་རེད། མཛད་སྒོ་དེིའི་ཐོག་Vemont ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་གསུང་ཡག་ལ་དེ་རིང་ངས་འཛམ་གླིང་ནང་གི་བོད་མི་ཡོངས་དང་ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་ཚབས་ཞུས་ཏེ་ཨ་མ་Grace ལགས་ཀྱིས་ཡུན་རིང་བོད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷད་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསལ་སྟོན་གནང་འདུག།
གསར་འགོད་པ་དབྱངས་སྒྲོལ།