བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པར་རྗེས་དྲན་ཆེད་ལས་འཆར་ཁག་མིང་བསྒྱུར།
2019.01.17
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པར་རྗེས་དྲན་ཆེད་དེ་གའི་ལས་འཆར་ཁག་མིང་བསྒྱུར་བྱེད་རྒྱུ་ཡིན་འདུག
འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་ཁང་གིས། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱན་མཚན་དམ་པ་ཁོང་གི་མཛད་རྗེས་ལ་རྗེས་དྲན་ཆེད་བོད་མིའི་ནུས་ཤུགས་གོང་འཕེལ་ཡོང་ཐབས་སླད་སྤེལ་བའི་ལས་འཆར་ཁག་ལ་ཁོང་གི་མཚན་འཁོད་ལས་འཆར་ལ་མིང་བསྒྱུར་གནང་འདུག
དེ་ཡང་རྒྱ་རི་བློ་གྲོས་རྒྱལ་མཚན་དམ་པ་ཁོང་གིས་རྒྱལ་སྤྱིའི་ཐོག་དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་དང་དཔུང་པ་མཉམ་གཤིབ་ཀྱིས་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དཀའ་རྙོག་སེལ་ཐབས་ཀྱི་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་འཚོལ་ཞིབ་ཐུབ་པའི་མཛད་རྗེས་སྤྱི་དང་། དམིགས་བསལ་རྒྱལ་སྤྱིའི་བོད་དོན་ལས་ཁང་གི་གཙོ་འཛིན་གནང་སྟེ་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཀྱི་རིང་། བོད་མིའི་སྤྱི་ཚོགས་ཀྱི་ནུས་ཤུགས་གོང་འཕེལ་སླད་ལས་འཆར་སྣེ་མང་ཞིག་དབུ་བརྩམས་ཡོད་པར་རྒྱལ་སྤྱིའི་བོད་དོན་ལས་ཁང་ནས་ཁོང་གི་མཛད་རྗེས་ལ་རྗེས་དྲན་དང་རྒྱུན་འཁྱོངས་ཆེད་རྒྱལ་སྤྱིའི་བོད་དོན་ལས་ཁང་ནས་ད་བར་སྤེལ་བཞིན་པའི་བོད་མིའི་ནུས་ཤུགས་གོང་འཕེལ་གྱི་ལས་འཆར་ཁག་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེའི་མཚན་བཀོད་མིང་བསྒྱུར་ཐོག་མཇུག་སྐྱོང་གནང་རྒྱུ་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་ཁང་གི་གཙོ་འཛིན་(Matteo Mecacci) ཡིས་གསལ་བསྒྲགས་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་ཁང་གིས་བོད་མིའི་སྤྱི་ཚོགས་ཀྱི་ནུས་ཤུགས་གོང་འཕེལ་ཆེད་སྤེལ་བཞིན་པའི་ལས་འཆར་ཁག་ནི། བོད་རིགས་ན་གཞོན་གྱི་འགོ་ཁྲིད་གཟབ་སྦྱོང་དང་། བོད་དོན་ཞུ་གཏུག་གི་ལས་འགུལ། (Rowell) བོད་ཀྱི་ཐེབས་རྩའི་ལས་འཆར་དང་། ཡང་ཡོ་རོབ་ནང་གི་རྒྱལ་སྤྱིའི་བོད་དོན་ལས་ཁང་གི་བོད་མིའི་ནུས་ཤུགས་གོང་འཕེལ་གྱི་ལས་འཆར་ལ་མཚོན་ན། ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འཆར་དང་། བོད་མིའི་སྤྱི་ཚོགས་ལ་རོགས་སྐྱོར་གྱི་ལས་གཞི། ཆབ་སྲིད་བཙོན་པར་ལྟ་སྐྱོང་གི་ལས་འཆར་བཅས་པ་ཁག་ཅིག་སྤེལ་བཞིན་ཡོད་པར་ལས་འཆར་ཁག་གི་མིང་། ད་ཆ་བཀའ་ཟུར་དམ་པ་ཁོང་གི་མཚན་འཁོད་བརྒྱུད་སྤེལ་རྒྱུ་ཡིན་པ་བཀོད་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།