བོད་དོན་མུ་མཐུད་ནས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

ཕྱི་ཟླ་༡༠ཚེས་༢༥ཉིན་འཇར་མན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ ཕེབས་སྐབས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་པ་གཉིས་ནས་མཇལ་འཕྲད་ གནང་ཐོག་ཚོགས་གཙོ་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་བསྒྲུབ་བྱ་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་ཡིན་པ་གསུངས་འདུག
དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ཁག་གི་སྐོར་དང་། བོད་དོན་ལ་རྒྱབ་སྐྱོར་གནང་བ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་ཀྱི་ཡོད་པ་གསུངས་ཐོག་བོད་རྒྱའི་དཀའ་རྙོག་མ་སེལ་བར་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱི་གལ་གནད་སྐོར་དང་། ཁོང་རྣམ་པའི་ངོས་ནས་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་བཞག
ཡང་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབར་མཉམ་ལས་གནང་དགོས་སྐོར་ཡང་གསུངས་བཞག ཡང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་ཞུས་པ་དང་། ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མཐོ་སྒང་བོད་ཀྱི་ཁོར་ཡུག་དང་། བོད་ནས་བབས་པའི་ཆུ་བོ་ཁག་གི་གལ་གནད་སྐོར་དང་། དེ་བཞིན་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱ་དཀར་ནག་གཉིས་དབར་བར་གནས་རྒྱལ་ཁབ་ཀྱི་ངོ་བོར་གནས་ཡོད་ཀྱང་། ད་ཆ་རྒྱ་ན་གཞུང་གི་བཙན་བཟུང་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་ཞིབ་གསལ་གསུངས་ཡོད་ལུགས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བཞག།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།