བྱང་ཀོ་རི་ཡའི་གནད་དོན་ཐད་ཛ་དྲག་གི་ཚོགས་འདུ་སྐོང་འཆར།
2016.01.06

དེ་ཡང་བྱང་ཀོ་རི་ཡས་Hydrogen bombཞེས་ཡང་རླུང་འབར་མདེལ་འབོམ་རྫས་ཚོད་ལྟ་ལམ་ལྷོང་ལྡན་པའི་སྒོ་ནས་བྱས་ལུགས་བཤད་པའི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གིས་དེ་རིང་ཚེས་༦ཉིན་བྱང་ཀོ་རི་ཡའི་གནད་དོན་ཐད་ཛ་དྲག་གི་ཚོགས་འདུ་ཞིག་སྐོང་འཆར་འདུག
མཉམ་འབྲེལ་རྒྱལ་ཚོགས་དང་ཉི་ཧོང་གཉིས་ནས་འབོད་སྐུལ་ཞུས་པ་བཞིན་དེ་རིང་སྔ་དྲོ་རྒྱལ་ཁབ་༡༥འི་སྐུ་ཚབ་འཐུས་མི་ལས་་གྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་། རྒྱལ་ཁབ་མི་འདྲ་བ་༡༥་ཡི་སྐུ་ཚབ་འཐུས་མིའི་དབར་བཀའ་བསྡུར་གནང་རྒྱུའི་ཛ་དྲག་ངང་གསང་བའི་ཚོགས་འདུ་ཚོགས་འཆར་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་Hagar Chemaliཡིས་བྱང་ཀོ་རི་ཡས་འབོམ་རྫས་ཚོད་ལྟ་བྱས་པ་ད་ལྟའི་ཆར་ངེས་གཏན་མེད་ན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་གྲོས་ཆོད་གང་འདྲ་ཞིག་རྩིས་མེད་རྡོག་རོལ་བཏང་ཡང་དེར་སྐྱོན་བརྗོད་ཡོད་ལ། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི། བཀའ་ཁྱབ་ཁག་ལ་བྱང་ཀོ་རི་ཡས་བརྩི་སྲུང་ཞུ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་གསུངས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཛ་དྲག་ཚོགས་འདུ་དེ་ག་དུས་ཚོགས་རྒྱུ་ཡིན་མིན་དུས་ཚེས་གཏན་འཁེལ་བྱུང་སྐོར་མགྲིན་ཚབ་Chemaliལགས་ཀྱིས་གསུངས་མེད་ན་ཡང་། དུས་རྒྱུན་སྲུང་སྐྱོབ་ལྷན་ཁང་གི་གཞུང་འབྲེལ་ཕྱག་ལས་དེ་སྔ་དྲོའི་ཕྱག་ཚོད་༡༠་ནས་དབུ་འཛུགས་གནང་གི་ཡོད་ལུགས་གསུངས་འདུག
གལ་ཏེ་ད་རེས་བྱང་ཀོ་རི་ཡས་དོན་དངོས་ཐོག་Hydrogen bombཞེས་ཡང་རླུང་གི་འབོམ་རྫས་ཚོད་ལྟ་བྱས་ཡོད་ཚེ་དེ་ནི་ད་བར་བྱང་ཀོ་རི་ཡས་འབོམ་རྫས་ཚོད་ལྟ་བྱས་པའི་ནང་ནས་ཤུགས་ཆེ་ཤོས་དེ་ཡིན་པ་རེད། ཡང་གལ་ཏེ་བྱང་ཀོ་རི་ཡས་བཤད་པ་ལྟར། འབོམ་རྫས་ཚོད་ལྟ་བྱས་ཡོད་ཚེ་རྡུལ་ཕྲན་ལས་གྲ་བཀག་འགོག་བྱས་པའི་གྲོས་ཆོད་དང་འགལ་གྱི་ཡོད་སྟབས་རྒྱལ་སྤྱིསཡུལ་དེའི་ཐོག་དཔལ་འབྱོར་ཉེས་ཆད་སྔར་བས་ཆེ་བ་འགེལ་སྲིད་པ་རེད། བྱང་ཀོ་རི་ཡས་ཕྱི་ལོ་༢༠༠༦་དང་། ༢༠༠༩ དེ་བཞིན་༢༠༡༣་ལོ་སོ་སོར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་རྐྱེན་གྱིས་ཨ་མི་རི་ཀས་ཡུལ་དེའི་ཐོག་ཉེས་ཆད་རིམ་པ་མང་པོ་བཀལ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།