ཀ་ཤེ་མིར་ཡུལ་མི་ཚོས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་པ།
2010.01.09
༄༅།།རྒྱ་གར་བྱང་ཕྱོགས་ཀ་ཤེ་མིར་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་ཉེན་སྲུང་མི་སྣས་ཁ་ཆེའི་ན་གཞོན་ཞིག་ལ་མེ་མདའ་བརྒྱབ་ནས་རྐྱེན་ལམ་དུ་ཕྱིན་པའི་རྗེས་སུ་ཡུལ་མི་བརྒྱ་ཕྲག་ཁ་ཤས་ཀྱིས་ས་གནས་ཀྱི་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
ཇ་མུ་ཀ་ཤེ་མིར་གྱི་དབྱར་དུས་ཀྱི་རྒྱལ་ས་ཤིརི་ན་གར་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རེས་གཟའ་པ་སངས་ཉིན་ས་གནས་ཀྱི་ཡུལ་མི་ཁག་ཅིག་གིས་རྒྱ་གར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སྐབས་ཉེན་སྲུང་མི་སྣས་ཁ་ཆེའི་ན་གཞོན་ལོ་བཅུ་དྲུག་ལ་ཡིན་པ་ཞིག་ལ་མེ་མདའ་བརྒྱབ་པའི་རྗེས་སྨན་ཁང་དུ་ཁྲིད་ཡོད་ཀྱང་དོ་བདག་རེས་གཟའ་སྤེན་པའི་ཉིན་གྲོངས་ཡོད་འདུག གནས་ཚུལ་དེ་ཐོག་མ་དམ་པ་དེ་ཉིད་ཀྱི་ནང་མི་གཙོས་པའི་ཡུལ་མི་བརྒྱ་ཕྲག་ཁ་ཤས་ཀྱི་གྲོང་ཁྱེར་ཤི་རི་ན་གར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་དུ་འདུ་འཛོམས་ཀྱིས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས་འདུག་ རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་རྩོད་རྙོག་ཅན་གྱི་ཀ་ཤེ་མིར་ནང་རྒྱ་གར་དང་པ་ཀི་སི་ཐན་གཉིས་དབར་ས་མཚམས་སུ་མེ་འཕེན་མཚམས་འཇོག་གི་ཆིངས་དོན་འགལ་འཛོལ་དང་འབྲེལ་བའི་ལས་དོན་ཐོག་ཞིབ་འཇུག་དང་སྟངས་འཛིན་གནང་མུས་ཡིན་པ་རེད་ རེས་གཟའ་པ་སངས་ཀྱི་ངོ་རྒོལ་ནང་ངོ་རྒོལ་བ་ཉི་ཤུ་དང་ཉེན་སྲུང་མི་སྣ་བཞི་རྨས་ཡོད་འདུག་ ཀ་ཤེ་མིར་ནང་འདས་པའི་ལོ་ཉི་ཤུའི་ནང་གྱེན་ལོག་པའི་འཐབ་རྩོད་ཀྱི་ལས་འགུལ་ནང་ད་བར་ཡུལ་མི་༤༧༠༠༠ཙམ་རྐྱེན་ལམ་དུ་ཕྱིན་ཡོད་རེད༎