ཨ་རིན་ནང་རྔམ་སྟོན་ཁྲོམ་བསྐོར་འཆར་གཞི་ཕྱིར་འཐེན།
2009.06.15
༄༅༎ཨི་རན་གྱི་འོས་འདེམས་ནང་ཕམ་ཉེས་བྱུང་བའི་ལྟ་བ་གུ་ཡངས་ཅན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་འོས་མི་སྐུ་ཞབས་ཧུ་སེན་མུ་ས་ལྦི་ཡིས་ཨི་རན་ནང་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་བསྐོར་སྤེལ་རྒྱུའི་འཆར་གཞི་ཕྱིར་འཐེན་གནང་ཡོད་པ་རེད།
འཆར་གཞི་ལྟར་ན་ད་རེས་སྐུ་ཞབས་མུ་ས་ལྦི་ཡི་ཕྱོགས་ཁག་གིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་བསྐོར་སྤེལ་རྒྱུའི་འཆར་གཞི་དེ་ནི་ཨི་རན་གྱི་འོས་འདེམས་ནས་རྒྱལ་ཁ་ཐོབ་པའི་ལས་ཐོག་སྲིད་འཛིན་མཱ་མུརྡ་ཨེ་མ་རྡི་ནི་ཇའརྡེ་ལ་འོས་འདེམས་ནས་རྒྱལ་ཁ་ཐོབ་པ་དེ་ནི་རྫུན་བཟོ་བྱས་ནས་བྱུང་བ་ཞིག་ཡིན་པ་བརྗོད་ནས་དེར་ངོ་རྒོལ་མཚོན་ཆེད་དུ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བཏོན་པ་ཞིག་ཡིན་པ་དང་ཡིན་ནའི་དེའི་གོང་ཙམ་དུ་ཨི་རན་གཞུང་གིས་ཕྱོགས་འགལ་ཚོགས་པས་སྤེལ་འཆར་ཡོད་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་བསྐོར་གྱི་ལས་འགུལ་དེ་བཞིན་ཁྲིམས་འགལ་ཡིན་པ་བརྗོད་ཡོད་པ་རེད། ཨི་རན་གྱི་ལས་ཐོག་སྲིད་འཛིན་ལ་འོས་འདེམས་ནང་རྒྱལ་ཁ་ཐོབ་པའི་རྗེས་ཨི་རན་ནང་ཕྱོགས་འགལ་ཚོགས་པའི་རྒྱབ་སྐྱོར་བ་ཚོ་དང་ཉེན་རྟོག་པའི་དབར་འཁྲུག་ཟིང་བྱུང་ཡོད་ཅིང་ཨི་རན་གཞུང་གྱིས་ངོ་རྒོལ་རྔམ་སྟན་ཁྲོམ་བསྐོར་བ་ཚོའི་ཐོག་མཚོན་ཆ་དངོས་བེད་སྤྱོད་བྱ་རྒྱུའི་གྲ་སྒྲིག་ཡོད་ལུགས་ཀྱི་ཉེན་བརྡ་བཏང་ཡོད་པ་དང་ཨི་རན་ནང་སྲིད་ལས་ཁང་གི་དཔོན་རིགས་ནས་བརྗོད་པར་ངོ་རྒོལ་བ་ཁག་ཅིག་གིས་ཨི་རན་ནང་རྔམ་སྟོན་འདུ་འཛོམས་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་དང་གལ་སྲིད་གནས་ཚུལ་དེ་རིགས་ཐོན་ཚེ་ཁྲིམས་ལུགས་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་ཐ་དག་ལ་ཁ་གཏད་བཅོག་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། འོས་འདེམས་ནང་ཕམ་ཉེས་བྱུང་བ་སྐུ་ཞབས་མུ་ས་ལྦིའི་འོས་འདེམས་ལས་ཁང་གིས་ཨི་རན་ནང་འཁྲུག་ཟིང་གི་རྩོད་རྙོག་ཤུགས་ཆེ་ཡོང་རྒྱུར་སྔོན་འགོག་ཆེད་ད་རེས་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་གྱི་འཆར་གཞི་ཕྱིར་འཐེན་གནང་རྒྱུ་ཕྱིར་བསྒྲགས་གནང་ཡོད་པ་རེད། ཡིན་ནའི་ཨི་རན་གྱི་འོས་འདེམས་ནང་ཕམ་ཉེས་བྱུང་བའི་ལྟ་བ་གུ་ཡངས་ཅན་གྱི་འོས་མི་སྐུ་ཞབས་ཧུ་སེན་མུ་ས་ལྦི་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ད་རེས་ཀྱི་འོས་འདེམས་ནང་རྫུན་བཟོའི་གནས་ཚུལ་ཧ་ཅང་གསལ་པོ་ཡོད་པ་དང་ལྷག་པར་དུ་སྲིད་གཞུང་གིས་འོས་ཤོག་གི་གྲངས་འབོར་ཞིབ་རྩིས་བྱེད་པའི་བརྒྱུད་རིམ་དང་འབྲས་བུ་ཡང་ཕྱི་ཕྱོགས་སུ་ཁ་གསལ་བཏོན་མེད་པར་བསྐྱོན་བརྗོད་གནང་གི་ཡོད་པ་རེད།