རྒྱ་ནག་གཞུང་གི་དམ་དྲག་ལྟ་སྲུང་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་རྒྱུ་ཁག་པོར་གྱུར་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ ༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་འཁོད་འདུག

2025.01.16
རྒྱ་ནག་གཞུང་གི་དམ་དྲག་ལྟ་སྲུང་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་རྒྱུ་ཁག་པོར་གྱུར་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ ༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་འཁོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ ༢༠༢༤ ལོའི་ལོ་འཁོར་སྙན་ཐོ། ༢༠༢༤།༠༡།༡༦
HRW
HRW report 2025

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སོང་བ་དང་། དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་སྤྱི་ཚོགས་དྲྭ་ལམ་ལ་དམ་དྲག་དང་། བོད་ནང་གི་གནས་སྟངས་ཕྱི་ཕྱོགས་སུ་འགྲེལ་བརྗོད་བྱེད་མཁན་ཚོ་འཛིན་བཟུང་བྱས་པ། བོད་མི་ཚོས་ཕྱི་ཕྱོགས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྒྱུར་དཀའ་ལས་ཁག་པོ་བཟོ་བཞིན་ཡོད་པ། ལྷག་པར་བོད་ནང་གི་བོད་མི་ཚོ་ས་གནས་གཞན་དུ་གནས་སྤོ་དང་། བོད་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་སོགས་བཀོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཕྱི་ལོ་ ༢༠༢༤ ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་གི་གནས་སུ་ཡོད་པ་མངོན་གསལ་ཡིན་པ་དང་། བོད་ནང་གི་སྡེ་དགེ་ས་ཁུལ་དུ་བོད་མི་བརྒྱ་ལྷག་འཛིན་བཟུང་བཀག་སྐྱིལ་གཙོས། བོད་ནང་གི་དགེ་རྒན་དང་གཞས་པ་ཚོ་འཛིན་བཟུང་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པ། བོད་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་བོད་ཕྲུག་ཚོ་རྒྱ་ནག་གཞུང་གཉེར་སློབ་གྲྭ་ཁག་ཏུ་བཙན་ཤེད་ཀྱིས་བཅུག་པ་སོགས་སྤྱི་ཡོངས་ནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྡོག་རོལ་ཚབས་ཆེན་ཕྱིན་པའི་ལོ་ཞིག་ཆགས་ཡོད་པ་གསུངས་སོང་། 

སྙན་ཐོའི་ནང་བོད་སྐོར་གྱི་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་བོད་ནང་གི་གནས་ཚུལ་ཁྱབ་སྤེལ་ཐད་དམ་དྲག་ཤུགས་ཆེན་པོ་བྱེད་མུས་ཡིན་པ་དང་། བོད་ནང་གི་བོད་མི་འཛིན་བཟུང་བྱས་པ་མང་ཆེ་བ་དྲྭ་ལམ་དུ་གནས་ཚུལ་རྒྱུད་སྤེལ་དང་། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་འབྲེལ་ཡོད་གཉེན་ཉེ་ཚོར་འབྲེལ་བ་བྱས་རྐྱེན་ཡིན་པ་མ་ཟད།  གནད་དོན་དེ་འདྲའི་འོག་ནས་བོད་མི་མང་པོ་གང་བྱུང་འཛིན་བཟུང་གིས་དུས་ཡུན་རིང་པོ་དོ་དམ་དང་བཙོན་འཇུག་དུས་བཀག་གི་ཁྲིམས་ཆད་འགེལ་གྱི་ཡོད་པ་སོགས་བཀོད་འདུག་ལ།  གཞན་ཡང་བོད་མི་ཚོས་བློ་འཚབ་བྱེད་ཡུལ་གཙོ་བོ་གཅིག་ནི་བཙན་དབང་གིས་གནས་སྤོ་དང་། ཁོར་ཡུག་ལ་གཏོར་བཤིག དེ་བཞིན་བོད་ནང་གི་གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་ཉམས་དམས་སུ་གཏོང་བཞིན་པ་སོགས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་ པིཡར་སན་ (Elaine Pearson) ལགས་ཀྱིས། “ང་ཚོས་ངོས་ནས་བོད་ནང་གི་གནས་སྟངས་ཐད་དུས་ཡུན་རིང་པོར་ཉམས་ཞིབ་དང་ཡིག་ཆ་འཚོལ་བསྡུའི་གྲུབ་དོན་ལ་གཞིགས་ན། རྒྱ་ནག་གཞུང་གིས་བོད་མིའི་སྒང་སྤྱི་ཚོགས་དྲྭ་ལམ་དང་དུས་ཀུན་དུ་ལྟ་སྲུང་ནན་མོ་བྱས་ཏེ། དྲྭ་ལམ་རྒྱུད་གནས་ཚུལ་རྒྱུད་སྤེལ་དང་མཁོ་སྤྲོད་བྱེད་མཁན་ཚོ་འཛིན་བཟུང་དང་བཀག་ཉར་བྱས་པ་སོགས། ཉེན་ཁ་ཆེན་པོའི་གནས་སུ་སྐྱེལ་བཞིན་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་རྒྱུར་དཀའ་ལས་ཁག་པོ་བྱུང་གི་འདུག་”ཅེས་འགྲེལ་བརྗོད་གནང་བྱུང་།

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལོ་འཁོར་སྙན་ཐོ་དེའི་ནང་མུ་མཐུད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ཟླ་ ༢ དང་ ༣ ནང་། བོད་ནང་གི་སྡེ་དགེ་ཁུལ་དུ་ཡུལ་མི་ཚོས་ཆུ་རགས་འཛུགས་སྐྲུན་ལ་ངོ་རྒོལ་བྱས་རྐྱེན། གྲྭ་བཙུན་གཙོས་མི་གྲངས་བརྒྱ་ལྷག་འཛིན་བཟུང་དང་རྡུང་རྡེག་བཀག་སྐྱིལ་བྱས་ཡོད་པ་དང་། ལྷག་པར་དུ་འགོ་ཁྲིད་ཞི་ཅིན་ཕིང་གིས་སྣེ་ཁྲིད་འོག་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་གཉིས་པོ་རྒྱ་ནག་གི་རིག་གནས་དང་མི་རིགས་ཀྱི་ཆ་ནས་ཁྱད་པར་ཡོད་པར་བརྟེན། གཞུང་གིས་བོད་དང་ཡུ་གུར་མི་རིགས་ཚོར་ཉེན་ཁར་ངོས་འཛིན་གྱིས་དམིགས་བསལ་དྲག་གནོན་བྱེད་བཞིན་པ་དང་། མི་རིགས་དབྱེ་འབྱེད་བྱེད་པའི་འོག་འཛིན་བཟུང་བྱས་པའི་བོད་མི་དང་ཡུ་གུར་བ་འབུམ་ཕྲག་མང་པོར་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་པའི་གནས་སྟངས་བྱུང་གི་ཡོད་པ་སོགས་བཀོད་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས། ཕྱི་ལོ་ ༢༠༡༢ ནས་བཟུང་ཞི་ཅིན་ཕིན་རྒྱ་ནག་གི་འགོ་ཁྲིད་དུ་སླེབས་པ་ནས་བཟུང་། སྤྱི་ཡོངས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་སྤྱི་ཚོགས་དྲྭ་ལམ་ཐོག་ནས་བོད་ནང་གི་བོད་མི་ཚོར་རྣམ་པ་འདྲ་མིན་ངང་དམ་དྲག་བྱེད་བཞིན་པ། དཔེར་ན་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནང་འཛིན་བཟུང་བྱས་པ། བོད་མི་འབུམ་པ་རྒྱལ་ལགས་ནི་དྲྭ་ལམ་གྱི་ལག་རྩལ་བ་ཞིག་ཡིན་པ་དང་། ཁོང་གིས་དྲྭ་ལམ་ཐོག་བོད་མི་འདུ་འཛོམས་བྱེད་ཡུལ་བཟོ་ཐབས་བྱས་པས་འཛིན་བཟུང་དང་ཁོང་གི་ལས་ཀ་ཁག་རྩ་མེད་བཏང་བ་དང་། དེ་མིན་སྤྱི་ཚོགས་དྲྭ་ལམ་དམ་དྲག་དང་འབྲེལ་བོད་མི་མང་དག་ཅིག་དཀའ་ངལ་གནས་སུ་ལྷུང་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་པར་གཞིགས་ན།  ཕྱི་ལོ་ ༢༠༢༤ ལོ་གཅིག་པུར་བོད་ནང་གི་བོད་མི་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་དང་། དྲྭ་ལམ་ནས་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱེལ་བ། སྤྱི་ཚོགས་ཟིང་སློང་བ་སོགས་ཀྱི་ཉེས་མིང་སྣ་ཚོགས་འོག་བོད་མི་ ༡༠ ལྷག་འཛིན་བཟུང་བཙན་ཁྲིད་དང་འདྲི་རྩད་འབོད་འགུག་གི་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁྲོད། སྔར་ལོའི་ཕྱི་ཟླ་ ༩་ནང་དགེ་འདུན་པ་བྱམས་པ་ཆོས་འཕེལ་ལགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བ། ཕྱི་ཟླ་༩་ནང་བོད་ཀྱི་དྲྭ་ལམ་སྐད་ཡིག་ལས་འགུལ་བ་སྒང་ལྷ་བྱ་ལགས་སུ་འབོད་འགུག་འདྲི་རྩད་བྱས་པ། ཕྱི་ཟླ་༩་ནང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་གསང་བའི་ཁྲིམས་ཐག་ལོ་གསུམ་བཅད་པ། ཕྱི་ཟླ་ ༡༡ ནང་བོད་ནང་གི་ཁྱུང་མཆུ་ནས་ཡིན་པ་མཚོ་སྔོན་ཚེ་རིང་ལགས་ནས་དྲྭ་ལམ་དུ་ཡུལ་དེའི་ཁོར་ཡུག་གཏོར་སྐྱོན་ཐད་ཞུ་སྐུལ་བྱས་པས་འཛིན་བཟུང་གིས་ཟླ་བརྒྱད་ཀྱི་ཁྲིམས་ཐག་བཅད་པ། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། ཁྱིམ་ཚང་གཅིག་གི་མིང་སྲིང་ཡིན་པ་ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་བཅས་སུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།
པར་རིས་སྒྲིག་བཟོ་བ།  ནོར་སྡེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་་མཁན། བསྟན་འཛིན་བསྟན་སྐྱོང་། 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎