རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ ནས་བོད་མི་མང་དག་ཅིག་ཁ་པར་དང་དྲ་རྒྱ་བེད་སྤྱོད་བྱས་རྐྱེན་འཛིན་བཟུང་བྱས་ཡོད་པ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བསྒྲགས་འདུག
ཟླ་ ༤ ཚེས་ ༡༥ ཉིན་གནས་ཚུལ་ཁ་སྣོན་བྱས་ཡོད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ (Human Rights Watch) ཕྱི་ཟླ་ ༤ ཚེས་ ༡༣ ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༡ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་ཐོག་ནས་ཁ་པར་དང་དྲ་རྒྱ་བེད་སྤྱོད་དང་འབྲེལ་བའི་ནག་ཉེས་ཀྱི་ཉེས་མིང་འོག་མི་མང་པོ་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་འདི་དག་ནི་གཙོ་བོ་བོད་མི་ཚོས་ཁ་པར་ནང་རྒྱ་གཞུང་གི་ "བཀག་སྡོམ་བྱས་པའི་བརྗོད་གཞི་"ཉར་བ་དང་བོད་ཕྱི་ལ་ཡོད་པའི་ནང་མི་སྤུན་མཆེད་རྣམས་དང་འབྲེལ་བ་བྱས་རྐྱེན་ཡིན་པ་བསྒྲགས་འདུག
རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ནག་ཉེས་དང་འབྲེལ་བའི་གཞུང་འབྲེལ་གྲངས་ཐོ་དམངས་ལ་སྟོན་གྱི་མེད་པས། འཛིན་བཟུང་དང་ཉེས་འཛུགས་བྱེད་ཚད་ཆ་ཚང་གསལ་པོ་མེད་ཀྱང་། ཤེས་རྟོག་ཡོད་པའི་གནས་ཚུལ་ ༦༠ ལྷག་ནི་དུས་ཡུན་འདིའི་རིང་གཞུང་གི་ལྟ་སྲུང་ཆེ་རུ་ཕྱིན་པའི་རྐྱེན་གྱི་ཡིན་པ་དང་། དེའི་ཁྲོད་ཁ་པར་ལ་ལྟར་བཤེར་དང་། ཁ་པར་ནང་ངེས་པར་དུ་དགོས་པའི་གཞུང་གི་ལྟ་རྟོག་གི་གཉེན་ཆས་ཕབ་ལེན་བྱེད་པ། དེ་བཞིན་གནས་ཚུལ་དང་ཆོས་ལུགས་ཐོག་སྒྲིག་ཁྲིམས་དམ་དུ་བཏང་བ་སོགས་ཚུད་ཡོད།
གནད་དོན་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་ངོས་ནས་བོད་ནང་དུ་གུ་ཡངས་དང་རང་དབང་ཡོད་ལུགས་ཀྱི་རྫུན་གཏམ་འཁྱོག་བཤད་མང་པོ་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ནང་གི་བོད་མི་ཚོའི་ཁ་པར་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་ཚགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་ཉམས་པ་སླར་གསོ་སོགས་ཀྱི་ཐད་འགན་བཞེས་མཁན་རྣམས་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ཆགས་བསྡད་ཡོད་པས། མདོར་ན་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ནི། གནམ་ལ་དྲྭ་རྒྱ་དང་ས་ལ་རྙི་བཙུགས་པ་བཞིན་བོད་མི་ཚོའི་རྒྱུན་གཏན་གྱི་འཚོ་བའི་ནང་ལྟ་སྲུང་དང་དམ་དྲག་ཤུགས་ཆེ་ལྡན་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ (Human Rights Watch) རྒྱ་ནག་སྡེ་ཚན་གྱི་ལས་འཕར་འགན་འཛིན་མཱ་ཡ་ཝང་ (Maya Wang) ལགས་ཀྱིས། བོད་མི་ཚོར་མཚོན་ན། ཁ་པར་བེད་སྤྱོད་གཏོང་བ་ཙམ་ཡང་ཉེན་ཁའི་རང་བཞིན་ཅན་དུ་གྱུར་ཡོད་ལ། བརྙན་ཐུང་དགོད་བྲོ་པོ་ཞིག་བཀོད་པའམ་ཕྱི་རྒྱལ་དུ་ཡོད་པའི་བརྩེ་བའི་ནང་མི་སྤུན་ཆེད་དང་འབྲེལ་བ་བྱེད་པ་ལྟ་བུའི་ཉིན་རེའི་བྱ་སྤྱོད་ལའང་འཛིན་བཟུང་དང་། བཀག་ཉར། མནར་གཅོད་གཏོང་སྲིད་ཅེས་འགྲེལ་བརྗོད་གནང་བ་དང་སྦྲགས། དེ་སྔ་བོད་ཀྱི་ལུང་ཁུག་ཅིག་གི་བོད་མི་འགའ་ཞིག་ལ་ཁ་པར་རག་ན་གྲོགས་པོ་དང་ནང་མི་ལ་འབྲེལ་བ་བྱེད་ཐུབ་པས་སྤྲོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ནའང་། ད་ཆ་ཁ་པར་དེ་དག་དོན་དངོས་སུ་གཞུང་གི་བལྟ་སྲུང་བྱ་སའི་རྒྱུད་ལམ་དུ་གྱུར་ཡོད་པ་གསུངས་འདུག
གནད་དོན་དེ་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཕྱི་ལོ་ ༢༠༢༡ ནས་བཟུང་འཛིན་བཟུང་གི་གནད་དོན་ཁག་ལ་བསྐྱར་ཞིབ་དང་། གཞན་ཡང་བོད་ནང་གི་གནས་སྟངས་ཐད་ཤེས་རྟོགས་ཡོད་པའི་མི་སྣ་ཁག་ལ་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོག་བྱུང་དོན་ལ། འཛིན་བཟུང་བྱས་པ་ཚོར་ཁོ་ཚོའི་ཁ་པར་ནང་"བཀག་སྡོམ་བྱས་པའི་བརྗོད་གཞི་"འཇོག་པའམ་དྲ་ཐོག་ནས་དེ་དག་བགོ་འགྲེམས་བྱས་པའི་ཉེས་འཛུགས་ཕོག་འདུག བཀག་སྡོམ་ཡོད་པའི་བརྗོད་གཞི་ཁག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས། བོད་ཀྱི་བླ་ཆེན་ཁག་སྐོར་གླེང་བ་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་མཚོན་པ་སོགས་ཡིན།
དེ་བཞིན་ནག་ཉེས་ཀྱི་སྒྲིག་གཞི་གསལ་པོ་དང་བརྟན་པོ་ཞིག་མེད་པས། ཐ་ན་བོད་མི་ཞིག་གིས། དགུང་ལོ་ ༨༠ སོན་པའི་དགེ་འདུན་པ་ཚོའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆེད་སྤྱི་ཚོགས་དྲ་རྒྱ་ (WeChat) ཐོག་ཚོགས་པ་ཞིག་བཙུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་ལ། ཉེན་རྟོག་པས་དེའི་ཆེད་གཞུང་གི་ཆོག་མཆན་དགོས་སྐོར་བཤད་ཡོད་པ་ཡང་བཀོད་འདུག
དེ་མིན་བོད་མི་ཚོས་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་དང་། རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བོད་སྐད་ཚབ་ཏུ་རྒྱ་སྐད་བཅུག་པ་སོགས་ལ་ངོ་རྒོལ་བྱེད་མཁན་རྣམས་ཀྱང་འཛིན་བཟུང་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྙན་ཐོར་གཞིགས་ན། རྒྱ་གཞུང་དཔོན་རིགས་ཚོས་ ༢༠༢༠ ནས་བཟུང་བོད་ཀྱི་རིག་གཞུང་དང་སྐད་ཡིག་དང་འབྲེལ་བའི་དྲ་ཚིགས་མང་དག་ཅིག་སྒོ་བརྒྱབ་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༤ ཟླ་ ༤ པར་གྲགས་ཆེ་བའི་ལུག་ཚང་དཔལ་ཡོན་རྩོམ་ཡིག་ཡང་ཚུད་ཡོད། དེ་བཞིན་བོད་ཀྱི་དྲ་ཚིགས་འཛུགས་སྐྲུན་པ་སྙན་གྲགས་ཅན་འབུམ་པ་རྒྱལ་ནི་ཁོང་གིས་བོད་ཀྱི་རིག་གཞུང་དང་ཤེས་ཡོན་དྲ་ཚིགས་ལ་ལག་རྩལ་རྒྱབ་སྐྱོར་སྤྲད་པ་ལ་བརྟེན་ནས་གསལ་ཁ་མེད་པའི་"ཁྲིམས་འགལ་བྱ་སྤྱོད་"ཀྱི་ཉེས་མིང་འོག་ ༢༠༢༢ ལོར་ལོ་བདུན་གྱི་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད།
གཞི་རྩའི་རྒྱ་ནག་གཞུང་གིས་རྒྱལ་ཁབ་བརྟན་ལྷིང་གི་མིང་ཐོག་ནས་བོད་མི་ཚོར་དམ་དྲག་བྱེད་ཀྱི་ཡོད་ལ། ལྷག་པར་དེང་སྐབས་དྲྭ་རྒྱའི་དུས་སྐབས་སུ་རྒྱ་གཞུང་གིས་བོད་མི་ཚོའི་ཁ་པར་དང་། དྲྭ་རྒྱར་སྟངས་འཛིན་དང་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་ཅིང་། གལ་ཏེ་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་གནས་ཚུལ་རིགས་འདོན་སྤེལ་སྤེལ་བྱས་ན་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་རེད། །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།