དྲ་རྒྱའི་ནང་གསང་འཛུལ་བྱེད་མཁན་རྒྱ་ནག་ཡིན་སྲིད་སྐོར།
2011.08.04
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ ཨ་མི་རི་ཀ་ དེ་བཞིན་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་པ་སོགས་ཀྱི་དྲ་རྒྱའི་ནང་ རྒྱལ་ཁབ་གཞན་གྱིས་གསང་འཛུལ་བྱས་ནས་སོ་ཉུལ་བྱེད་བཞིན་པའི་དཀའ་ངལ་ཆེན་པོ་ཡོད་པ་དང་ སོ་ཉུལ་བྱེད་མཁན་ནི་རྒྱ་ནག་ཡིན་སྲིད་པའི་གནས་ཚུལ་ཐོན་བཞག དེ་ཡང་ཨ་རིའི་མངའ་སྡེ་ཀེ་ལི་ཕོ་ཎི་ཡའི་ནང་ཡོད་པའི་མེཀ་ཨེ་ཕི་ཞེས་པའི་དྲ་རྒྱ་སྲུང་སྐྱོབ་ལས་ཁང་གིས་གསུང་པར་གཞིགས་ན་ རྒྱལ་ཁབ་༡༤ཙམ་གྱི་དྲ་རྒྱའི་ནང་གསང་འཛུལ་བྱས་ནས་སོ་ཉུལ་བྱས་ཏེ་གསང་བ་རྐུ་འཁྱེར་ཕྱིན་ཏེ་ཆགས་སྒོ་ཕོག་པའི་གཞུང་དང་ གཞུང་འབྲེལ་མ་ཡིན་པའི་ལས་ཁང་༧༢ཙམ་ཡོད་པ་ཤེས་རྟོགས་བྱུང་བཞག དྲ་རྒྱའི་ནང་འཛུལ་ནས་གསང་བ་རྐུ་འཁྱེར་བྱེད་མཁན་འདི་རེད་ཅེས་གསུང་མིན་འདུག་ཀྱང་ དེ་ནི་རྒྱལ་ཁབ་ཞིག་གི་གཞུང་ཞིག་ཡིན་པ་གསལ་པོ་ཡིན་པ་དང་དེ་ཡང་ནག་ཆེན་རྒྱལ་ཁབ་དེ་རྒྱ་ནག་ཡིན་པའི་དོག་པ་བྱེད་ཀྱི་ཡོད་འདུག དེ་ལྟར་རྒྱལ་ཁབ་གཞན་གྱི་དྲ་རྒྱར་གསང་ཉུལ་བྱེད་དགོས་དོན་ནི་ དཔལ་འབྱོར་གྱི་ཁེ་ཕན་ཡོང་ཐབས་ཙམ་མ་ཡིན་པར་ ཆབ་སྲིད་དང་ དམག་དོན་གྱི་ཁེ་ཕན་ལེན་ཐབས་ཆེད་དུའང་ཡིན་པར་ཨེཀ་ཨེ་ཕི་ལས་ཁང་གིས་ཡིད་ཆེས་གནང་གི་འདུག་། ཨེཀ་ཨེ་ཕི་ལས་ཁང་གི་གཙོ་འཛིན་གཞོན་པས་ རྒྱལ་ཁབ་མང་པོ་ཞིག་དང་ལྷན་དུ་མཉམ་ལས་གནང་སྟེ་ ལོ་ལྔའི་ནང་ཚུད་དྲ་རྒྱའི་ནང་གསང་འཛུལ་བྱས་ནས་སོ་ཉུལ་བྱེད་མཁན་དེ་སུ་ཡིན་མིན་རྩད་ཆོད་གནང་ཐུབ་པ་གནང་གི་ཡིན་ཞེས་གསུང་བཞག། ལས་ཁང་དེ་དང་ལྷན་དུ་ ཁེ་ན་ཌའི་གཞུང་དང་ རྒྱ་གར་ ལྷོ་ཀོ་རི་ཡ་ ཐའེ་ལྦན་ ཨ་རི་ སྦི་ཏི་ནམ་སོགས་ཀྱིས་མཉམ་ལས་གནང་རྒྱུ་ཡིན་འདུག་།