རྒྱ་ནག་ནང་འབར་གས་ཚབས་ཆེན་བྱུང་ནས་མི་མང་པོ་ཤི་འདུག
2015.08.13
རྒྱ་ནག་ནང་འབར་རྫས་འཇོག་ཡུལ་དོས་ཁང་ཞིག་ལ་འགས་ཐོར་བྱུང་ནས་མི་མང་པོ་འདས་གྲོང་དང་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་འདུག
དེ་ཡང་ཁ་སང་ཚེས་༡༢་རེས་གཟའ་ལྷག་པའི་མཚན་མོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ལྷོ་ཤར་དུ་འཁེལ་བའི་ཐེན་ཅིན་Tianjinཞེས་པའི་མངའ་ཁུལ་དུ། ཉེན་ཚབས་ཆེ་བའི་འབར་རྫས་དང་དངོས་ཟོག་འཇོག་ཡུལ་དོས་ཁང་ཞིག་གློ་བུར་དུ་གས་ཐོར་བྱུང་བའི་དོན་རྐྱེན་འོག་ད་བར་རོབ་རྩིས་བྱས་ན་ཉུང་མཐར་མི་གྲངས་༤༤ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། སྟོང་ཕྲག་བརྒལ་བ་རྨས་སྐྱོན་ཕོག་ཡོད་འདུག གོང་ཞུས་དོན་རྐྱེན་དེ་མིག་མཐོང་བྱུང་བའི་མི་སྣ་ཁག་ཅིག་ནས་AFP་གསར་འགོད་པར་འགྲེལ་བརྗོད་བྱས་པ་ལྟར་ན། གས་ཐོར་བྱུང་བའི་སྒྲ་སྐད་ནི་ས་ཡོམ་རྒྱབ་པ་ལྟབུའི་ཚོར་སྣང་བྱུང་ཞེས་དང་། དེ་བཞིན་གཡས་གཡོན་གང་སར་ཤེལ་སྒོ་གས་ཐོར་བྱུང་བ་ནི་ཧ་ཅང་གི་ཞེད་སྣང་དང་། དངང་སྐྲག་སྐྱེས་བྱུང་ཟེར་བ་སོགས་གང་ལྟར་ཧ་ཅང་ཚབས་ཆེའི་གས་ཐོར་བྱུང་ཡོད་འདུག འབར་གས་བྱུང་ཡུལ་ནས་སྒེའུ་ཁུང་སོཊ་ སྤྱི་ལེ་༢ཙམ་གྱི་སར་གས་ཐོར་ཕྱིན་འདུག་ལ་ཉེ་ཁོར་གྱི་ཁང་བརྩེགས་མང་པོར་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། རླངས་འཁོར་བརྒྱ་ཕྲག་མང་པོ་མེས་ཚིགས་ཡོད་འདུག
གོང་ཞུས་ཚེ་སྲོག་ཤོར་བའི་ཁོངས་སུ་མེ་གསོད་རུ་ཁག་གི་ཉེན་སྐྱོབ་བྱེད་མཁན་ཡང་མང་པོ་ཞིག་མེ་ཤུགས་ཧ་ཅང་ཆེ་བའི་རྐྱེན་གྱིས་འདས་གྲོང་གྱུར་ཡོད་འདུག དེ་དང་ཕྱོགས་མཚུངས་ཉེ་འཁྲིས་སྨན་ཁང་ཁག་གི་ནང་རྨས་སྐྱོན་ཕོག་མཁན་ཧ་ཅང་མང་བས་འ་འུབ་མ་འདུས་པའི་གནས་སྟངས་སུ་གྱུར་ཡོད་པའི་སྐོར་ཡང་བཀོད་འདུག
སྲིད་འཛིན་ཞི་ཅིང་པིང་མཆོག་གིས་མྱུར་སྐྱོབ་དང་། སྨན་བཅོས་དང་མྱུར་སྐྱོབ་ཀྱི་ལས་དོན་། དེ་བཞིན་མེ་གང་མགྱོགས་གསོད་ཐུབ་པ་བྱེད་དགོས་ལུགས་བཀོད་ཁྱབ་བཏང་ཡོད་འདུག གོང་དུ་དོ་ཕོག་བྱུང་ཡུལ་Tianjin Dongjiang Port Rui Hai International Logistics ཞེས་པའི་དོས་ཁང་དེའི་སྦྱིན་བདག་ད་ལྟའི་ཆར་ཉེན་རྟོག་པས་དོ་དམ་བྱས་ཡོད་འདུག
སྤྱིར་བཏང་རྒྱ་ནག་ནང་གཞུང་གི་བཟོ་གྲྭ་མང་པོས་གཞུང་གི་ཁྲིམས་གཞི་བཟོས་པ་དེ་དག་ལ་བརྩི་མེད་བཏང་བ་དང་། ཡང་ན་དེ་དག་གཡོལ་ཐབས་སུ་འབྲེལ་ཡོད་ཞིབ་མཇུག་བྱེད་མཁན་ལས་བྱེད་ཚོར་ལྐོག་རྔན་སྤྲད་པ་སོགས་ཀྱི་ལམ་ནས་སྲུང་བརྩི་ཞུ་གི་མེད་པ་དེས་ཉེན་ཚབས་ཆེ་བའི་དངོས་ཟོག་རིགས་འབར་འགས་བྱུང་བའི་གནས་ཚུལ་ལོ་འདིའི་གཅིག་པུའི་ནང་ཐེངས་འགའ་ཤས་བྱུང་ནས་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།