རྒྱ་ནག་གི་སྲིད་འཛིན་རྒྱལ་ཁབ་བཞིའི་ཚོགས་འདུར་ཆེད་བསྐྱོད།
2009.06.09
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཐེངས་དང་པོ་ར་ཤི་ཡ་དུ་ཚོགས་རྒྱུའི་སྦེ་རེ་ཛིལ་དང་ར་ཤི་ཡ་རྒྱ་གར་རྒྱ་ནག་བཅས་རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱ་རྒྱུར་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ནས་ཐོན་གྱི་ཡོད་པའི་སྐོར་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བཤད་ཡོད་པ་རེད།
དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་ཡིས་གསལ་བསྒྲགས་ཞིག་སྤེལ་བའི་ནང་ཧུའུ་ཅིན་ཐའོ་གཟའ་འཁོར་རྗེས་མའི་ནང་ར་ཤི་ཡའི་ནུབ་ཕྱོགས་ས་ཁུལ་ཡེ་ཀ་ཏེ་རིན་སྦཀ་ཞེས་པའི་ནང་ཚོགས་རྒྱུའི་རྒྱལ་ཁབ་བཞིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་ཚོགས་བཅར་ཞུ་རྒྱུའི་དུས་སྐབས་དེ་དག་མཉམ་དུ་གཞུང་འབྲེལ་གྱི་འཚམས་འདྲི་བྱ་རྒྱུ་དང་དེ་རྗེས་རྒྱ་ནག་དང་དབུས་ཨེ་ཤེ་ཡའི་སྤྱི་མཐུན་རྒྱལ་ཁབ་བཞིའི་བར་གྱི་ཧྲང་ཧད་མཉམ་འབྲེལ་ལྷན་ཚོགས་ཞེས་པའི་ཐོག་མཉམ་ཞུགས་བྱ་རྒྱུ་སོགས་ར་ཤི་ཡ་དུ་ཉིན་ལྔའི་རིང་འཚམས་འདྲི་བྱ་རྒྱུ་དང་དེ་རྗེས་ཕྱི་ཚེས་བཅོ་བརྒྱད་ཉིན་ར་ཤི་ཡ་ནས་དབུས་ཡོ་རོབ་ནང་གི་སོ་ལོ་ལྦ་ཀི་ཡ་སྤྱི་མཐུན་རྒྱལ་ཁབ་དང་ལྷོ་ཤར་ཡོ་རོབ་ཀྱི་ཁོར་ལྦེ་ཤི་ཡ་སྤྱི་མཐུན་རྒྱལ་ཁབ་གཉིས་ནང་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་རེད། ད་རེས་ར་ཤི་ཡ་དུ་ཚོགས་རྒྱུའི་སྦེ་རེ་ཛིལ་དང་ར་ཤི་ཡ་རྒྱ་གར་རྒྱ་ནག་བཅས་ཀྱི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་དེ་ལྟ་བུ་སྐོང་ཚོགས་གནང་བ་ད་རེས་ཐེངས་དང་པོ་ཡིན་པ་དང་དེ་ནི་འཛམ་གླིང་ནང་ཆེས་མགྱོགས་ཚད་མྱུར་པོའི་སྒོ་ནས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བཞི་པོ་དེ་དག་གི་དབུ་ཁྲིད་ཚོས་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་དེར་ལྷན་འཛོམས་གནང་བ་ཞིག་ཡིན་ཞིང་དེ་སྔོན་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པའི་ནང་དེ་ལྟ་བུའི་ལྷན་ཚོགས་ཤིག་ཚུགས་ཡོད་ཀྱང་སྐབས་དེ་དུས་རྒྱ་ནག་ཕྱོགས་ནས་རྒྱལ་ཁབ་ བཞིའི་དབུ་ཁྲིད་ལྷན་དུ་མཉམ་ཞུགས་བྱེད་རྒྱུ་ངོ་རྒོལ་བྱས་ཏེ་ཕྱི་སྲིད་བློན་ཆེན་མཉམ་ཞུགས་བྱ་དགོས་པའི་ཨུ་ཚུགས་བྱས་པར་བརྟེན་ཕྱི་སྲིད་བློན་ཆེན་མཉམ་ཞུགས་བྱས་པ་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་མཉམ་ཞུགས་བྱེད་ཐུབ་མེད་པ་རེད།