དིང་རིར་མི་གྲངས་ ༡༢༠༠༠༠ སྡོད་ཁང་གསར་རྒྱག་བྱེད་རྒྱུ་ཡིན་པ་རྒྱ་གཞུང་གིས་བསྒྲགས་ཀྱང་། སྤུས་ཚད་སྐྱོ་པོ་དང་ལྐོག་ཟའི་གནད་དོན་མི་ཡོང་བ་བྱ་རྒྱུ་གལ་ཆེ་ཡིན་པ་ཉམས་ཞིབ་པས་གསུངས་བྱུང་།

2025.03.03
དིང་རིར་མི་གྲངས་ ༡༢༠༠༠༠ སྡོད་ཁང་གསར་རྒྱག་བྱེད་རྒྱུ་ཡིན་པ་རྒྱ་གཞུང་གིས་བསྒྲགས་ཀྱང་།  སྤུས་ཚད་སྐྱོ་པོ་དང་ལྐོག་ཟའི་གནད་དོན་མི་ཡོང་བ་བྱ་རྒྱུ་གལ་ཆེ་ཡིན་པ་ཉམས་ཞིབ་པས་གསུངས་བྱུང་། དིང་རི་རྫོང་གི་གྲམ་མཚོ་ཤང་གི་གུ་རུམ་གྲོང་སྡེར་མཁའ་དབྱིངས་ནས་བླངས་པའི་པར་གྱི་ནང་ས་ཡོམ་གྱིས་གནོད་སྐྱོན་ཕོག་པའི་གྲོང་ཚོ་ ༨ བསྐྱར་བཟོའི་ལས་གཞི་འགོ་འཛུགས་བྱེད་སྒོ་སྤེལ་བའི་རྣམ་པ། ༢༠༢༤།༠༣།༠༣
Xinhua

བོད་དིང་རིར་ས་ཡོམ་བྱུང་ཡུལ་ལྟེ་བར་དོ་ཕོག་བྱུང་པ་མི་གྲངས་ ༡༢༠༠༠༠ ཡི་སྡོད་ཁང་གསར་རྒྱག་བྱ་རྒྱུའི་ཆེད་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣ ཉིན་དིང་རི་གྲམ་མཚོ་ཤང་གི་གུ་རུམ་གྲོང་ཚོར་རྒྱ་ནག་གི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་ཅིང་།  ཁང་པ་གསར་རྒྱག་གི་ལས་གཞི་འདི་ལོའི་ལོ་མཇུག་བར་ཟིན་པ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

བོད་དིང་རི་ས་ཁུལ་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་འགུལ་ཚད་ ༧.༡ ཅན་བརྒྱབ་སྟེ།  མི་གྲངས་བརྒྱ་ཕྲག་བརྒལ་བར་འཆི་སྐྱོན་བྱུང་ཞིང་།  གྲོང་ཚོ་མང་པོ་རྩ་མེད་སོང་བའི་གནས་ཚུལ་བྱུང་ཡོད་པ་ལྟར།  བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་གཞུང་གིས་གྲོང་ཚོ་བརྒྱད་ཀྱི་བསྐྱར་བཟོ་ལས་གཞི་ཕྱི་ཟླ་ ༣ ཚེས་ ༣ ཉིན་རྒྱ་ནག་གི་དབང་འཛིན་པ་ཚོས་དིང་རི་རྫོང་གི་གྲམ་མཚོ་ཡུལ་ཚོའི་གུ་རུམ་གྲོང་སྡེར་མཛད་སྒོ་ཞིག་སྤེལ་ཞིང་ལས་གཞི་དངོས་སུ་འགོ་འཛུགས་ཀྱིས་ལོ་འདིའི་ལོ་མཇུག་ཏུ་ས་ཡོམ་གྱིས་གནོད་འཚེ་བྱས་པའི་མི་ ༡༢༠,༠༠༠ ཙམ་སྡོད་ཁང་གསར་པའི་ནང་གནས་སྤོ་བྱ་རྒྱུའི་དམིགས་ཡུལ་བཟུང་གི་ཡོད་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་འདུག་ཅིང་། དེ་སྔོན་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་གད་སྙིགས་གཙང་སེལ་དང་། ཉེན་ཁའི་དབྱེ་ཞིབ། ཁང་པའི་བཟོ་དབྱིབས་བཅས་ཀྱི་གྲ་སྒྲིག་ལས་དོན་སྤེལ་ཡོད་པ་བསྒྲགས་ཡོད་པ་རེད། 

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་དོན་ལྟར་ན་ས་ཡོམ་དེའི་ཁྲོད་མི་གྲངས་ ༡༢༦ འདས་གྲོངས་སུ་གྱུར་ཡོད་ཀྱང་། བོད་ནང་ནས་ས་གནས་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གྲམ་མཚོ་གཅིག་པུར་མི་གྲངས་ ༡༠༠ ལྷག་ཤི་ཡོད་པའི་རྐྱེན་གྱིས་དིང་རིའི་ས་ཡོམ་ཁྲོད་ཤི་རྐྱེན་གྲངས་ཀ་དེ་བས་མང་བ་ཡོད་སྲིད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་མྱོང་ཡོད་ལ།  རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་ནང་། ས་ཡོམ་ཁྲོད་མི་གྲངས་ ༣༣༧ ལ་རྨས་སྐྱོན་བཏང་བ་དང་མི་གྲངས་ ༦༠,༠༠༠ ལྷག་ལ་འཕྲལ་སེལ་གནས་སྤོ་བྱེད་དུ་བཅུག་ཡོད་པ་སྤེལ་ཡོད་པ་རེད། 

དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ས་ཡོམ་གྱིས་དོ་ཕོག་བྱུང་པའི་ཕྲལ་སེལ་གྱི་སྡོད་གནས་ཁག་ཏུ་གནས་སྡོད་བྱེད་བཞིན་པ་དང་སྡོད་ཁང་གསར་རྒྱག་དགོས་པའི་མི་གྲངས་ ༡༢༠,༠༠༠ ཡོད་པ་བརྗོད་པ་ནི། རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱི་ཟླ་ ༡ ཚེས་ ༩ ཉིན་བརྗོད་དོན་ལྟར་ས་ཡོམ་འདིའི་ཁྲོད་མི་གྲངས་ ༦༠,༠༠༠ ལྷག་སྡོད་གནས་མེད་པར་གྱུར་པའི་གྲངས་འབོར་བསྒྲགས་པ་ལས་ལྡབ་གཉིས་མང་བ་ཆགས་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས།  དིང་རི་ས་ཡོམ་གོད་ཆག་བྱུང་ཡུལ་དུ་སྡོད་ཁང་གསར་རྒྱག་བྱ་རྒྱུ་འདི་རྒྱ་ནག་གཞུང་གི་འགན་ཡིན་པས་དེ་ལྟར་སྒྲུབ་ཀྱི་ཡོད་ན་དགའ་བསུ་ཞུ་འོས་པ་ཞིག་ཡིན་པ་དང་།  མི་འབོར་གྱི་གནས་ཚུལ་འདི་དག་གནས་ཚུལ་ཡོངས་སུ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཤེས་རྟོགས་ཡོང་རྒྱུ་ཁག་པོ་ཡིན་དུས་རྒྱ་ནག་གཞུང་གིས་ཕྱི་བསྒྲགས་གང་བྱས་ལ་ལྟ་རྒྱུ་ལས་ལྷག་མེད་པ་དེ་ལྟར་ཡང་།  དིང་རིར་སྡོད་ཁང་སླར་གསོའི་ལས་གཞི་འདི་སྔ་མོའི་ཟི་ཁྲོན་ནང་གི་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་པའི་རྗེས་ངལ་སེལ་རོགས་སྐྱོར་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ལྷག་ཡོད་པ་དེ་འདྲ་མི་ཡོང་བ་བྱ་རྒྱུ་གལ་ཆེ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་། 

དིང་རིང་ས་ཁུལ་གུ་རུམ་གྲོང་སྡེའི་བསྐྱར་བཟོ་ལས་གཞི་འཛུགས་སྐྲུན་ཚོང་ལས་སྡེ་ཁག་གི་འབྲེལ་ཡོད་མི་སྣ་མཁའ་འགྲོ་ལགས་ཀྱིས། སྡེ་ཚན་འདིས་ཨར་ལས་འཛུགས་སྐྲུན་གྱི་ལས་གཞིས་ཡུལ་གྱི་སྣོད་བཅུད་དང་ཁོར་ཡུག་སྲུང་སྐྱོབ་ལ་གཙོ་འདོན་བྱེད་རྒྱུ་དང་། གྲོང་མི་ཚོར་ལས་ཀའི་གོ་སྐབས་མཁོ་སྤྲོད་བྱས་ཏེ་གནོད་སྐྱོན་བྱུང་བའི་སྡོད་མི་རྣམས་གང་མགྱོགས་ཁང་པ་གསར་པའི་ནང་སྤོ་ཐུབ་པ་ངེས་བརྟན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རྒྱ་ནག་གཞུང་འབྲེལ་དྲྭ་ཐོག་ཏུ་བཀོད་འདུག

ས་ཡོམ་བྱུང་སའི་ཁུལ་ལམ་ས་རུད་དང་ཆུ་ལོག་གི་ཉེན་ཁ་ཡོད་སའི་ས་ཁུལ་ཡོད་སར་གནས་འཁོད་མི་མང་རྣམས་གནས་སྤོ་བྱེད་རྒྱུ་ཡིན་པ་ཕུད། བསྐྱར་བཟོ་མང་ཆེ་བ་གྲོང་ཚོའི་ཐོག་མའི་ས་ཡོམ་བྱུང་ཡུལ་གྱི་ས་གནས་སུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་བརྒྱུད་ལམ་གྱིས་བསྒྲགས་ཡོད་པ་རེད། 

དིང་རི་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟླ་བ་ཚེ་རིང་གིས། སྡོད་མི་ཚོའི་འདོད་མོས་ལྟར་བསྐྱར་བཟོ་མང་ཆེ་བ་གྲོང་ཚོའི་དངོས་ཡོད་གནས་གཞིའི་སྟེང་བྱེད་རྒྱུ་ཡིན་ལ། ས་ཡོམ་གཡོ་ས་ཁུལ་ལམ་ས་རུད་དང་ཆུ་ལོག་ཉེན་ཁ་ཆེ་བའི་ས་ཁུལ་ཡོད་པ་རྣམས་གནས་སྤོ་བྱེད་རྒྱུ་ཡིན་པ་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་རྒྱ་ནག་གཞུང་གི་འཆར་གཞི་འདིའི་ཐད་དོགས་སློང་གི་དྲི་བ་མང་པོ་ཞིག་ཡོང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ།  འཛུགས་སྐྲུན་གྱི་ལས་གཞི་འདིའི་ནང་ཁང་བཟོའི་ཨར་ལས་ཀྱི་དགོས་མཁོའི་རྒྱུ་ཆ་དང་སྤུས་ཚད་བཅས་པ་ཚད་ལྡན་ཡོང་མིན་དྭོགས་གནད་ཡིན་པ་དང་།  བོད་ཀྱི་སྲོལ་རྒྱུན་དང་མཐུན་པའི་ཁང་བཟོ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་མེད་ཐེ་ཚོམ་བྱ་ཡུལ་ཞིག་ཏུ་གཟིགས་ཀྱི་འདུག་ཅེས་གསུངས་བྱུང་ལ།  ཡུལ་ཤུལ་དུ་ས་ཡོམ་གོད་ཆག་ཕོག་པ་ཚོར་སྡོད་ཁང་གསར་རྒྱག་བྱེད་པ་རྣམས་རྒྱ་མིའི་ཁང་བཟོའི་བཟོ་དབྱིབས་ཅན་བཟོས་ཡོད་པས།  སྐབས་དེར་ས་གནས་བོད་མི་མང་ཚོགས་ཀྱིས་འདོད་བློ་འཚིམས་པོ་བྱུང་ཡོད་མ་རེད་ཅེས་གསུངས་ཤིང་། ལྷག་པར་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཆེ་ཤོས་ཕོག་ཡུལ་ཆུ་ལྷོ་དང་།  གྲམ་མཚོ།  མཚོ་སྒོ་བཅས་ཀྱི་ཤང་ཁག་གསུམ་པོ་འདི་དག་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༥༠༠༠ གྱི་སར་ཡོད་དུས།  རྒྱ་ནག་གཞུང་གིས་མི་ཊར་ ༤༠༠༠ ཡན་གྱི་ས་མཐོར་ཡོད་པ་ཚོ་ས་དམའ་སར་སྤོ་རྒྱུའི་སྲིད་བྱུས་ཤིག་འཛིན་བཞིན་ཡོད་དུས།  བོད་མི་དེ་དག་དིང་རི་ནས་ས་མཚམས་ཕྱོགས་གཞན་དུ་གནས་སྤོ་བྱེད་ཀྱི་ཡོད་མེད་དང་དེ་ལྟར་བྱེད་ན་ས་གནས་གང་དུ་སྤོ་འཇུག་རྒྱུ་ཡིན་མིན་ང་ཚོས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་བྱུང་།།

གསར་འགོད་པ།  མཁའ་འགྲོ་གཡང་འཛོམས།
རྩོམ་སྒྲིག་པ།  བསྟན་འཛིན་བདེ་སྐྱིད།  བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ་དང་སྤེལ་མཁན།  བཀྲིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎