བོད་མིས་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་སྐོར།
2012.03.21
༄༅༎བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བ་སོགས་རྒྱ་ནག་གི་དབང་སྒྱུར་ལ་མི་འདོད་པའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ནས་ལོ་གཅིག་ལྷག་ཙམ་འགྲོ་གི་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་གིས་གཞིས་ལུས་བོད་མི་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་ནས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་ཀྱང༌། བོད་མི་མང་པོ་ཞིག་གིས་། བོད་ཀྱི་གནད་དོན་ཐོག་ཕྱི་ཕྱོགས་ནས་དོ་སྣང་ཆེ་རུ་ཡོང་ཐབས་སུ་གཞིས་ལུས་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་རྒྱུའི་བསམ་བློ་དེ་འཁོར་ཡོད་པར་ཡིད་ཆེས་གནང་གི་ཡོད་པ་རེད།
དེའང་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྡ་རམ་ས་ལ་ནས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ རང་ལུས་མེར་བསྲེག་བཏང་གནང་མཁན་བོད་མི་དེ་ཚོ་བསམ་ཤེས་ཐུབ་མཁན་གྱི་བོད་མི་ཤ་ཏག་ཡིན་པ་དང༌། སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་རང་གི་ཚེ་སྲོག་དེ་བློས་བཏང་གི་ཡོག་རེད་ཅེས་འགྲེལ་བརྗོད་གནང་བཞག།
བོད་ནང་འཇིགས་སུ་རུང་བའི་གནས་སྟངས་དེ་བོད་མི་ཚོའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཆགས་བཞིན་ཡོད་པ་རེད། དཔེར་ན། ༢༠༠༩ནས་བཟུང་ད་བར་བོད་ནང་བོད་མི་༣༠ཙམ་གྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དང༌། ཁོང་རྣམ་པས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་རྒྱུ་དང༌། རྒྱ་གཞུང་གིས་བོད་མིའ་ཐོག་དྲག་གནོན་མཚམས་འཇོག་དང་འབྲེལ་ བོད་ལ་རང་དབང་རང་བཙན་དགོས་པའི་རེ་བ་གཅིག་མཚུངས་ཡིན་པ་རེད།
བོད་ནང་སྦྱར་འགྲེམས་བྱས་པའི་ཞི་བའི་འབོད་ཚིག་ཁག་ལྔ། ཟི་ཁྲོན་ཞིང་ཆེན་གྱི་ ཧོང་ཡོན་གྲོང་ཚོའི་ནང་གི་བོད་པའི་སློབ་དགེ་ཞིག་གིས་ རང་ལུས་མེར་བསྲེག་བཏང་བ་ཡིན་ན་དེས་མི་གཞན་སུ་ཅིག་ལའང་གནོད་སྐྱེལ་གྱི་མེད་སྟབས། རང་ལུས་མེར་བསྲེག་བཏང་མཁན་ཚོས་བོད་ནང་དཀའ་ངལ་ཆེན་པོ་ཡོད་པ་དེ་ཚོ་ཕྱི་ཕྱོགས་འཛམ་གླིང་མི་མང་གིས་མཐོང་ཆོག་ག་མཉམ་པའི་རེ་བའི་ཐོག་ནས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་སྐོར་ ཨེ་པི་གསར་ལས་ཁང་གི་གསར་འགོད་པར་འགྲེལ་བརྗོད་གནང་འདུག།
ཟླ་བ་འདིའི་ཚེས་༡༥ཉིན་མདོ་སྨད་མཚོ་ལྷོ་ཆབ་ཆ་ཁུལ་གཙང་དགོན་པའི་སྐྱ་སེར་༢༠ཙམ་གྱིས་ཞི་རྒོལ་གནང་བའི་གནས་ཚུལ་བྱུང་ཡོད་ཅིང༌། ང་ཚོའི་རླུང་འཕྲིན་ཁང་ལ་གནས་ཚུལ་ཡོངས་ཁུངས་བརྒྱུད་གཙང་དགོན་པའི་ངོ་རྒོལ་ནང་མཉམ་ཞུགས་གནང་མཁན་ཞིག་གིས་འགྲེལ་བརྗོད་གནང་བར་གཞིགས་ན། ཕྱི་ཚེས་༡༥ཞོགས་པ་ཚུ་ཚོད་༤།༣༠ནས་དགོན་པའི་གླིང་བར་ ཁག་མི་འདྲ་བ་སུམ་ཅུ་ལྷག་ཙམ་ལ་ཞི་བའི་འབོད་ཚིག་ལྡ་ཡོད་པའི་སྦྱར་ཡིག་ཅིག་སྦྱར་བ་དང་བཀྲམ་ཡོད་པ་རེད། སྦྱར་ཡིག་ནང་གི་འབོད་ཚིག་ལྔ་ནི། ༡)་༧གོང་ས་མཆོག་གང་མགྱོགས་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། གལ་སྲིད་དེ་ལྟར་མ་བྱས་ན་རང་ལུས་མེར་སྲེག་ལས་མཚོན་པའི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་དང༌། ༢)རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དང་དཔའ་མོ་གཙོས་བོད་ཕྱི་ནང་གི་བོད་མི་ཚོས་ད་བར་ཏུ་བོད་ལ་རང་དབང་དགོས་པའི་ཞུ་འབོད་བྱས་ཡོད་ཀྱང་གཞུང་གི་ད་དུང་ཁ་ཡ་བྱས་མེད། གལ་སྲིད་ད་དུང་ཁ་ཡ་མ་བྱས་ཚེ་ང་ཚོས་ད་ལྟ་འགྲོ་བཞིན་པའི་གོང་གི་ལས་འགུལ་རིགས་མཚམས་འཇོག་ནམ་ཡང་བྱེད་མི་སྲིད། ༣)འཛམ་གླིང་སྤྱི་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་གང་ཞིག་ལ་རྒྱ་ནག་གི་རྩ་ཁྲིམས་ནང་ཡང་དེ་ལྟར་འཁོད་ཡོང༌། ཡིནའང་ང་ཚོ་བོད་ལ་མཚོན་ན་དེ་ལྟར་རྩ་བ་ནས་མེད། གལ་སྲིད་རྒྱ་གཞུང་གིས་སྔར་བཞིན་འགྲོ་བ་མིའི་ཐོབ་ཐང་དང་རྩ་ཁྲིམས་རྡོག་རོལ་བཏང་ཚེ། གོང་གི་ལས་འགུལ་རིགས་ནམ་ཡང་མཚམས་འཇོགས་བྱེད་མི་སྲིད་།
༤)བོད་ཀྱི་སྐད་ཡིག་རིག་གཞུང་ལས་མཚོན་པའི་ཁོར་ཡུག་སོགས་གཏོར་བརླགས་གཏོང་བཞིན་པའི་གཞུང་གི་སྲིད་ཇུས་འཕྲལ་དུ་མཚམས་འཇོགས་དགོས་པ་དང༌། གལ་ཏེ་དེ་ལྟར་མ་བྱས་ཚེ་གོང་གི་ལས་འགུལ་རིགས་ནམ་ཡང་མཚམས་འཇོགས་བྱེད་མི་སྲིད། ༥)ཆུང་སྲིད་༧པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་དག་མྱུར་ཏུ་གློད་གྲོལ་གཏོང་དགོས་པ་དང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་སྐུ་སྲོག་ལ་འགན་ལེན་གནང་དགོས། གལ་ཏེ་དེ་ལྟར་མ་གནང་ཚེ་གོང་བརྗོད་ལས་འགུལ་དེ་མཚམས་འཇོགས་བྱེད་མི་སྲིད་ཅེས་བྲིས་ཡོད་པ་རེད།