ཧོང་ཀོང་སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ།
2019.09.02
དེ་རིང་རེས་གཟའ་ཟླ་བའི་ཉིན་ཧོང་ཀོང་ནང་གྱོན་གོས་ནག་པོ་གྱོན་པའི་སློབ་ཕྲུག་སྟོང་ཕྲག་མང་པོས་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་འདས་པའི་ཟླ་བ་འགའ་ཤས་རིང་གཞུང་ལ་ངོ་རྒོལ་ལས་འགུལ་གྱི་རྣོ་ངར་ཤུགས་ཆེ་རུ་ཕྱིན་ཏེ་གནས་སྟངས་དྲག་ཏུ་འགྲོ་རྒྱུའི་རྣམ་པ་མེད་པར་བརྟེན་ཧོང་ཀོང་གི་དཔོན་རིགས་ཚོར་དཀའ་ངལ་སེལ་ཐབས་ཀྱི་གནོན་ཤུགས་སྤྲོད་ཆེད་མཐོ་རིམ་སློབ་གྲྭའི་སློབ་མའི་གཟའ་འཁོར་གཉིས་ཀྱི་ངོ་རྒོལ་ལས་འགུལ་དེ་འགོ་བཙུགས་ཡོད་པ་རེད་། དེ་ཡང་ཧོང་ཀོང་གི་སློབ་ཕྲུག་ནི་ཧོང་ཀོང་གཞུང་གིས་བཏོན་པའི་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཟེར་བ་དེར་ངོ་རྒོལ་བྱེད་མཁན་གཙོ་བོ་ཡིན་པར་མ་ཟད། དམངས་གཙོའི་ལམ་ནས་འོས་བསྡུ་མ་བྱས་པར་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་བྱས་ཏེ་བསྐོ་གཞག་བྱས་པའི་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡིན་ཞིང་། ད་རེས་གཟའ་མཇུག་ཏུ་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་རྣོ་ངར་ཆེན་པོ་སྤེལ་ཏེ་ཉེན་རྟོག་པ་དང་དྲག་པོའི་གདོང་ཐུག་བྱུང་སྟེ་སློབ་ཕྲུག་བརྒྱ་གྲངས་འགའ་ཤས་འཛིན་བཟུང་བྱས་པ་དང་། རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་མཁན་ཚོ་དྲག་སྤྱོད་པ་རེད་ཟེར་བའི་སྐད་སྒྲ་ཇེ་ཆེར་གཏོང་བཞིན་ཡོད་པར་མ་ཟད། རེས་གཟའ་ཉི་མའི་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་གི་རྩོམ་བྲིས་པའི་གླེང་བརྗོད་ནང་གང་མགྱོགས་མཇུག་སྒྲིལ་རྒྱུ་ཡིན་ཟེར་བྲིས་ཏེ་ཉེན་བརྡ་བཏང་ཡོད་པ་རེད། ཧོང་ཀོང་གི་མཐོ་རིམ་སློབ་གྲྭ་རྣམས་དབྱར་ཁའི་དགུང་གསེང་མཇུག་བསྒྲིལ་ཏེ་རེས་གཟའ་ཟླ་བ་ནས་སློབ་གྲྭ་འགོ་བཙུགས་ཡོད་ནའང་སློབ་ཕྲུག་སྟོང་ཕྲག་གིས་སློབ་གྲྭར་མ་བསྐྱོད་པར་ཧོང་ཀོང་གི་དབུས་སུ་འདུ་འཛོམས་བྱས་པ་དང་། ལོ་ ༡༩ སོན་པའི་མཐོ་རིམ་སློབ་གྲྭའི་སློབ་མ་Tommy ཞུ་བས་ཧྥ་རན་སིའི་གསར་འགྱུར་ལས་ཁང་ལ། དེ་རིང་གཟའ་ཟླ་བའི་ཉིན་སློབ་གྲྭ་ཚུགས་པའི་ཉིན་དང་པོ་ཡིན་ནའང་། ང་ཚོ་སློབ་གྲྭར་མ་བསྐྱོད་པར་མུ་མཐུད་ནས་ཕྱིར་ཐོན་ནས་ངོ་རྒོལ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་ལ། གཞན་ཡང་ཧོང་ཀོང་གི་སློབ་གྲྭ་ཆུང་བའི་སློབ་མ་ཚོས་སློབ་གྲྭའི་ནང་ལག་འབྲེལ་བ་དང་། ཡང་སྨན་ཞབས་ཚོས་སྨན་ཁང་གི་བར་འཁྱམ་དུ་ལག་ཏུ་དམངས་གཙོར་རྒྱབ་སྐྱོར་ཡིག་ཆེན་འཁྱེར་ཞིང་། རུ་སྟར་བསྒྲིགས་ཏེ་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད། ལས་འགུལ་ནང་ཞུགས་མཁན་ལོ་ན་ ༡༧ ཡིན་པའི་སློབ་མ་རུས་མིང་ Wong ཞུ་བས། ཧོང་ཀོང་ནི་ང་ཚོའི་ཁྱིམ་ཚང་ཡིན་ཞིང་། ང་ཚོ་ནི་ཧོང་ཀོང་གི་མ་འོངས་པའི་སོན་རྩ་ཡིན་པར་བརྟེན་ཧོང་ཀོང་གི་ཆེད་དུ་ངེས་པར་དུ་འགན་འཁུར་ལེན་དགོས་ངེས་རེད་ཅེས་བརྗོད་ཡོད་པ་རེད།