ཧོང་ཀོང་གི་སྤྱི་ཁྱབ་པས་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་གཞི་མཚམས་འཇོག་གི་རྣམ་འགྱུར་བསྟན་འདུག
2019.06.18

ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam)་གྱིས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་མཚམས་འཇོག་བྱ་རྒྱུའི་རྣམ་འགྱུར་སྟོན་ཞོར་ཁོང་རང་ཉིད་གོ་གནས་ནས་དགོངས་པ་ཞུ་རྒྱུའི་འདོད་པ་བྱེད་ཀྱི་མེད་པ་རེད།
དེ་ཡང་ཧོང་ཀོང་དེ་བཞིན་༡༩༩༧ ་ལོར་དབྱིན་ཇི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་། དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་བྱ་རྒྱུའི་རྩོད་གཞི་ཅན་གྱི་ཁྲིམས་འཆར་ལ་ཉེ་ཆར་ཧོང་ཀོང་མང་ཚོགས་ས་ཡ་གཉིས་ཙམ་གྱིས་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེན་པོས་སྤེལ་བའི་རྗེས། ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam)ཡིས་ཁྲིམས་གཞི་དེ་གཏན་འབེབས་བྱ་རྒྱུར་དུས་འགྱངས་བྱས་པ་དང་། དེའི་རྗེས་འདི་ཚེས་༡༨་རེས་གཟའ་མིག་དམར་ཉིན་ཡང་བསྐྱར་ཁྲིམས་གཞི་དེ་གཏན་འབེབས་བྱེད་རྒྱུ་མཚམས་འཇོག་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་ཅིང་། དེ་ནི་གསར་འགོད་ལྷན་ཚོགས་ཐོག་(Carrie Lam)་ཡིས་ཧོང་ཀོང་ནང་ཟང་ཟིང་གི་དོན་རྐྱེན་བྱུང་བ་དེར་དགོངས་སེལ་ཞུས་ཡོད་པ་དང་། འོན་ཀྱང་ཁོང་གིས་ཁྲིམས་གཞི་དེ་ཕྱིར་འཐེན་བྱ་མིན་སྐོར་གང་ཡང་གསུངས་མེད་པར་ཁོང་གིས་ཧོང་ཀོང་གི་འགོ་ཁྲིད་བྱེད་པའི་རིང་ཁྲིམས་གཞི་དེ་བསྐྱར་དུ་གྲོས་འགོ་འདོན་རྒྱུ་མིན་པའི་སྐོར་གསུངས་ཡོད་པ་རེད།
དེ་ནི་ཧོང་ཀོང་གཞུང་གིས་ཁྲིམས་གཞི་དེར་རྩོད་ལེན་བྱ་རྒྱུ་མིན་པའི་རྣམ་འགྱུར་ཤུགས་ཆེ་ཤོས་ཤིག་བཏོན་པ་ཡིན་ཞིང་། གལ་ཏེ་ཁྲིམས་གཞི་དེ་གཏན་འབེབས་བྱུང་ཚེ་རྒྱ་ནག་ལ་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་བྱས་ཚེ་རྒྱ་ནང་ནང་ཁྲིམས་གཅོད་མྱོང་དགོས་པ་ཆགས་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་(Carrie Lam)་ཡིས། འདས་པའི་ཟླ་བ་འགའ་ཤས་རིང་དོགས་ཡོད་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེའི་ཐོག་ནས་ཧོང་ཀོང་མང་ཚོགས་ནང་དངངས་སྐྲག་དང་སེམས་ཁྲལ། བསམ་ཚུལ་མི་འདྲ་བ་སོགས་ཀྱི་དཀའ་ངལ་བཟོས་ཡོད་པར་བརྟེན་ནས། ཁྲིམས་གཞི་དེར་དོ་འཁུར་བྱ་རྒྱུ་མིན་ལ་བསྐྱར་དུ་ཁྲིམས་གཞི་དེ་གྲོས་འགོ་བཏོན་རྒྱུ་མིན་པའི་སྐོར་བཤད་ཡོད་པ་རེད།