ཉེན་རྟོག་པའི་བྱ་སྤྱོད་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་འཆར་ཡོད་པ།
2015.11.11

ཧོང་ཀོང་ཉེན་རྟོག་པས་ཡུལ་དེའི་ཞི་བའི་ལས་འགུལ་བར་སྡུག་སྦྱོང་བཏང་བ་རྒྱལ་ཚོགས་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་པ་རེད་འདུག
དེ་ཡང་སྔ་ལོ་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་སྤེལ་སྐབས། ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་གཏོང་སའི་མང་གཙོ་དོན་གཉེར་བ་དེས། བདུན་ཕྲག་རྗེས་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཀྱི་ཉམས་ཞིབ་ཚོགས་འདུར་ཞུ་གཏུགས་གནང་རྒྱུ་ཡིན་སྐོར་གསུངས་འདུག
སྔ་ལོ་ཧོང་ཀོང་ནང་མང་གཙོའི་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་སྐབས་ས་གནས་ཉེན་རྟོག་པས་མང་གཙོ་དོན་གཉེར་Ken Tsangལ་མུར་འཛོག་ཞུས་པ་དང་། རྡོག་རྒྱག་བའི་བརྙན་པར་ཞིག་འཛམ་གླིང་རྒྱལ་ཡོངས་ལ་ཁྱབ་ཡོད་ཅིང་། ཧོང་ཀོང་ས་གནས་ཀྱི་TVB ཞེས་པའི་བརྙན་འཕྲིན་ལས་ཁང་གིས་བརྙན་པར་དེ་རྒྱང་སྲིང་བྱས་པའི་ནང་ལག་ལྕགས་རྒྱབ་པའི་Ken Tsangཉེན་རྟོག་པས་ནག་ཁུང་ཁུག་ཀྱོག་ཞིག་ལ་འཁྲིད་ནས་མི་གཅིག་གིས་Tsangལ་མུར་འཛོག་མང་པོ་ཞུ་བཞིན་པ་དང་། དུས་མཚུངས་མི་གཞན་གསུམ་གྱིས་རྡོག་རྒྱག་ཡང་ཡང་ཞུས་ཡོད་པ་རེད། རྗེས་སུ་ས་གནས་ཉེན་རྟོག་པ་བདུན་ལ་དོན་རྐྱེན་དེའི་ཐད་མི་ལ་རྒོལ་འཛིང་བྱས་པའི་ནག་ཉེས་བཙུགས་པ་དང་། Ken Tsangལ་ཡང་ཉེན་རྟོག་པ་༡༡་ལ་འཐབ་རྒོལ་བྱས་པའི་ནག་ཉེས་བཙུགས་པ་རེད།
རང་ལོ་༤༠་ཡིན་པའི་Ken Tsangཡིས་བདུན་ཕྲག་རྗེས་མར་སུས་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་མནར་གཅོད་འགོག་ཐབས་ཀྱི་ཉན་ཞིབ་ཚོགས་འདུའི་ནང་ཁོང་གི་གནད་དོན་སྐོར་ཞུ་གཏུགས་བྱ་རྒྱུ་ཡིན་སྐོར་དང་། ཁོང་རང་ལ་ཉེས་རྡུང་གཏོང་མཁན་ཉེན་རྟོག་པ་མི་བདུན་པོས་ཁོང་ལ་རྒོལ་འཛིང་བྱས་པ་ཙམ་མ་ཡིན་པར་སྡུག་སྦྱོང་མནར་གཅོད་བཏང་བའི་ནག་ཉེས་བཙུགས་དགོས་སྐོར་ཁེ་ས་གཟའ་མིག་དམར་ཉིན་གསུངས་འདུག
ཧོང་ཀོང་གི་མང་གཙོི་ཚོགས་པའི་ཚོགས་གཙོ་ལྕམ་Emily Lauཡང་གོང་ཞུས་ཚོགས་འདུའི་ནང་བཅར་འཆར་ཡོད་པ་དང་། ཁོང་གིས་ཧོང་ཀོང་ནང་ཞི་བའི་ངོ་རྒོལ་བྱེད་མཁན་ཚོར་ཉེན་རྟོག་པས་དྲག་ཤུགས་བེད་སྤྱོད་ཡང་སེ་གཏོང་བཞིན་པ་དེ་ནི་ངོས་ལེན་བྱེད་ཐུབ་ཐབས་བྲལ་བ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།