གྲོས་ཚོཊ་འཐུས་མི་གཉིས་ཀྱི་དམ་འབུལ་ཕྱིར་འགྱངས་བྱས་འདུག
2016.10.25

ཧོང་ཀོང་ནང་རང་བཙན་དོན་གཉེར་བའི་གྲོས་ཚོགས་འཐུས་མི་གཉིས་ཀྱི་དམ་བཅའ་འབུལ་རྒྱུ་ཕྱིར་འགྱངས་བྱས་ཡོད་འདུག
དེ་ཡང་ཉེ་ཆར་ཧོང་ཀོང་ནང་ས་གནས་གྲོས་ཚོགས་འཐུས་མིའི་འོས་འདེམས་བྱས་པའི་སྐབས་མང་གཙོ་དང་རང་བཙན་དོན་གཉེར་ཅན་གྱི་འོས་མི་ཁག་ཅིག་ལ་རྒྱལ་ཁ་ཐོབ་ཡོད་པ་ལྟར། འཐུས་མིའི་དམ་བཅའ་ཕུལ་བའི་སྐབས་རང་བཙན་དོན་གཉེར་བ་Yau WaiChing་དང་། BaggioLeung་གཉིས་ཀྱིས་ཧོང་ཀོང་རྒྱ་ནག་མ་རེད་ཟེར་བ་སོགས་ཀྱི་འབོད་ཚིག་སྒྲོག་པ་དང་། འཕྲེད་དར་འཕྱར་བ་སོགས་བྱས་ཡོད་སྟབས་ཁོང་གཉིས་ཀྱི་བྱ་སྤྱོད་ཁྲིམས་འགལ་ཡིན་ལུགས་བཤད་ནས་རྩིས་མེད་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་འཐུས་མི་ཁག་ཅིག་ཚོགས་ཁང་ནས་ཕྱིར་ཐོན་ནས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་སྔོན་མའི་འཆར་གཞི་ལྟར་ན། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་བསྐྱར་དུ་དམ་བཅའ་འབུལ་དགོས་ཀྱི་ཡོད་ཀྱང་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་ལུགས་གྲོས་ཚོགས་ཀྱི་ཚོགས་གཙོ་ནས་གསར་འགོད་པའི་བཅར་འདྲི་ཞུས་པའི་སྐབས་གསུངས་འདུག དེ་ཡང་ཁོང་གིས། གནས་སྟངས་འདི་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་དུས་དེར་གཞིགས་པས་ཐག་ཆོད་བྱེད་དགོས་བྱུང་། འོན་ཀྱང་གནོན་ཤུགས་འོག་ཐག་ཆོད་བྱས་པ་ཞིག་མིན་ཞེས་འགྲེལ་བརྗོད་གནང་འདུག
ཡང་ཕྱོགས་གཞན་ཞིག་ནས་ཧོང་ཀོང་ས་གནས་སྤྱི་ཁྱབ་ལེང་ཆན་ཡིང་གིས། གནད་དོན་འདིའི་ཐོག་ཐག་གཅོད་ཡག་པོ་ཞིག་མ་བྱེད་པ་ཡིན་ན་དབུས་གཞུང་ནས་ཧོང་ཀོང་ཐོག་གཟིགས་ཚུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་རེད་ལ། རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་མི་མང་དབར་གྱི་འབྲེལ་བར་ཡང་དོ་ཕོག་ཐེབས་སྲིད་པ་རེད་ཅེས་གཏམ་བཤད་སྤེལ་ཡོད་པ་བཅས་གང་ལྟར་དེ་སྔ་ཕྱི་ལོ་༢༠༡༤་ལོར་ཧོང་ཀོང་ནང་མི་མང་སྟོང་ཕྲག་མང་པོས་ཧོང་ཀོང་ལ་རང་དབང་ཆེ་ཙམ་སྤྲོད་དགོས་ལུགས་བཤད་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་པ་དང་། ཉེ་ཆར་ས་གནས་གྲོས་ཚོགས་ཀྱི་འོས་བསྡུའི་སྐབས་མང་གཙོ་དོན་གཉེར་བ་ཁག་ཅིག་ལ་རྒྱལ་ཁ་ཐོབ་ཡོད་ཀྱང་། ས་གནས་སྲིད་གཞུང་གི་ངོས་ནས་དམ་དྲག་བྱེད་རྒྱུའི་ཐོག་དམིགས་བསལ་འགྱུར་བ་དེ་ཙམ་ཕྱིན་མེད་པའི་དཔྱད་ཞིབ་བྱེད་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།