ང་ཚོར་གདོང་ལེན་བྱེད་དགོས་པ་མང་པོ་ཡོད།
2012.12.20
༄༅། །དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་བཅོ་ལྔ་དང་། བཅུ་དྲུག་ཉིན་གཉིས་རིང་རྒྱལ་ས་ལྡི་ལིའི་ནང་། བོད་དང་ཐའེ་ལན་དྲིའི་ནང་པའི་དབར་ནང་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ལྷན་ཞུགས་གནང་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་བརྗོད་གཞི་ནི་འཛམ་གླིང་ནང་དཀའ་རྙོག་སེལ་ཐབས་ཀྱི་ཐབས་ལམ་ཞེས་པའི་ཐོག་ཡིན་པ་དང་། སྐབས་དེར་༧གོང་ས་མཆོག་གིས་དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་འདིའི་སྟེང་མི་བསད་ཁྲག་སྦྱོར་གྱི་འོག་མི་མང་ས་ཡ་ ༢༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་ལུགས་ལོ་རྒྱུས་སྨྲ་བ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དུས་རབས་འདིའི་ནང་ང་ཚོས་འཛམ་གླིང་འདི་བཞིན་ཡག་ཏུ་གཏོང་ཐབས་སུ་ཐབས་ལམ་གསར་པ་སྐྲུན་དགོས། ང་ཚོར་གདོང་ལེན་མང་པོ་ཞིག་བྱེད་དགོས་པ་ནི། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དང་། མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ། དེ་བཞིན་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་ཀྱི་ཡོད་པ། དེ་བཞིན་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་སོགས་ཡིན་པ་རེད། ལྐོག་ཟ་རུལ་སུངས་ནི་ཀྲན་ནད་དམ་ཀན་སར་གྱི་ནད་ལྟ་བུ་རེད། གལ་སྲིད་ང་ཚོས་གནད་དོན་འདིའི་ཐོག་གདོང་ལེན་བྱེད་ནས་མེད་པ་བཟོ་ཐབས་མ་བྱེད་པ་ཡིན་ན་དཀའ་ངལ་མུ་མཐུད་ནས་འཕྲད་ཀྱི་རེད་ཅེས་བཀའ་ནན་པོ་བསྩལ་གནང་ཡོད་པ་རེད། ཡང་བགྲོ་གླེང་ཚོགས་འདུའི་ཐོག་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་རིས་མེད་སྐོར་བཀའ་གནང་དོན། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་སྟོན་པ་བཅོམ་ལྡན་འདས་ཀྱིས་འགྲོ་བ་ཀུན་ལ་བདེ་སྐྱིད་དང་ཕན་པ་ཡོང་ཐབས་ཀྱི་ལམ་སྟོན་གནང་ཡོད་པ་ལྟར་ང་ཚོས་ཀྱང་དེ་ལྟར་སེམས་ལ་བཞག་ནས་དཀའ་ངལ་དེ་དག་ལ་གདོང་ལེན་དང་སེལ་ཐབས་བྱེད་རྒྱུའི་འོས་འགན་ཞིག་ཀྱང་ཆགས་ཀྱི་ཡོད་རེད་མ་གཏོགས་ང་ནང་པ་ཡིན། ང་ཐའེ་ལན་དྲི་ཡིན་ཞེས་རང་ཉིད་གཅིག་པུའི་ཁེ་ཕན་བསམ་བློ་གཏོང་རྒྱུ་མེད་ལུགས་བཀའ་ཕེབས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཆར་ལོའི་ཕྱི་ཟླ་དང་པོའི་ཚེས་བཞི་པར་རྒྱལ་ས་ལྡི་ལིའི་ནང་བཞུགས་བཞག་གནང་རྒྱུ་དང་། དུས་ཡུན་དེའི་ནང་ར་ཤེ་ཡའི་ནང་པ་ཁག་ཅིག་ལ་གསུངས་ཆོས་བསྩལ་གནང་རྒྱུ་དང་། དེ་ནས་ཚེས་བདུན་ནས་བཅུ་བར་གནས་མཆོག་ཝ་ར་ན་སིར་གསུངས་ཆོས་བཀྲིན་བསྩལ་རྒྱུའི་མཛད་འཆར་ཡོད་པ་རེད།།