༸གོང་ས་མཆོག་ནས་སེམས་དང་སྲོག་ལྷན་ཚོགས་སུ་བཀའ་སློབ།

༸གོང་ས་མཆོག་ནས་ཕྲུ་གུ་ཚོར་བྱམས་བརྩེ་དང་སེམས་བཟང་གི་ཤེས་ཡོན་གྱི་སློབ་གསོ་སྤྲོད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་བསྩལ།

2009.10.09

༄༅༎ཟླ་བ་འདིའི་ཕྱི་ཚེས་བརྒྱད་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་སེམས་དང་སྲོག་ཅེས་པའི་བརྗོད་གཞིའི་ལྷན་ཚོགས་ཉིན་དང་པོ་ཐོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ་མ་འོངས་པའི་མི་རབས་གསར་པའི་ཕྲུ་གུ་ཚོར་བྱམས་བརྩེ་དང་སེམས་བཟང་གི་ཤེས་ཡོན་གྱི་སློབ་གསོ་སྤྲོད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་གནང་ཡོད་པ་རེད།

དེ་ཡང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་སེམས་དང་སྲོག་ཅེས་འབོད་པའི་ཞིབ་འཇུག་སློབ་གཉེར་ཁང་དེས་ཐོག་མར་སེམས་དང་སྲོག་ཅེས་པའི་ནང་པ་དང་ཚན་རིག་མཁས་པའི་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་༡༩༨༧ལོར་བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་ཡོད་ཅིང་ད་རེས་ཀྱི་ལྷན་ཚོགས་དེ་ནི་ཟླ་བ་འདིའི་ཕྱི་ཚེས་བརྒྱད་དང་དགུ་ཉིན་གཉིས་རིང་སྐོང་ཚོགས་གནང་གི་ཡོད་པ་དང་ཉིན་དང་པོའི་ལྷན་ཚོགས་ཐོག་ལ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཀྱིས་སློབ་གཉེར་ཁང་དེ་གསར་འཛུགས་གནང་མཁན་དང་དེའི་ཚོགས་གཙོ་སྐུ་ཞབས་ཨེ་ཌམ་ཨེང་གལ་ཞུས་བས་དབུ་འབྱེད་གནང་ཡོད་པ་རེད། དེ་ཉིན་སེམས་དང་སྲོག་གི་ནང་པ་དང་ཚན་རིག་མཁས་པའི་བགྲོ་གླེང་ཚོགས་འདུ་དེར་ཚོགས་དུས་ཁག་གཉིས་ག་སྒྲིག་ཞུས་ཡོད་ཅིང་༸གོང་ས་མཆོག་ཚོགས་ཞུགས་གཉིས་ཀར་དབུ་བཞུགས་གནང་སྟེ་ཚོགས་དུས་དང་པོའི་ཐོག་ལ་༸གོང་ས་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཚར་ལོངས་བྱུང་བཞིན་པའི་མི་རབས་གསར་པའི་ཕྲུ་གུ་ཚོ་ཤེས་ཡོན་ལྡན་པ་དང་སེམས་བཟང་པོ་ཞིག་གསོ་སྦྱོང་བྱེད་དགོས་པའི་སྐོར་ལ་དགོངས་གཞི་རླབས་ཆེན་བཞེས་པའི་ཐོག་ནས་མི་རབས་གསར་པ་རྣམས་ཀྱི་སེམས་བརྒྱུད་ལ་བྱམས་བརྩེ་དང་སེམས་བཟང་ ལྷག་བསམ་སོགས་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་ཐབས་དང་དེ་ལྟ་བུའི་ཤེས་ཡོན་ཀྱི་སློབ་གསོ་སྤྲོད་རྒྱུ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་གནང་ཡོད་པ་དང་དེ་ནས་ཚོགས་དུས་གཉིས་པའི་ཐོག་ལ་དམིགས་བསལ་ནང་སེམས་བརྒྱུད་འདུལ་སྟངས་དང་ཤེས་ཡོན་བར་གྱི་འབྲེལ་བའི་སྐོར་ལ་བཀའ་གནང་སྟེ་དགེ་རྒན་དང་དགེ་ཕྲུག་བར་གྱི་འབྲེལ་ལམ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པ་དང་ལྷག་པར་དུ་དགེ་རྒན་ཕྱོགས་ནས་བསམ་བློ་དང་སྤྱོད་ཚུལ་འཁྱེར་སྟངས་གཉིས་ཡག་པོ་དགོས་པ་གལ་ཆེན་པོ་ཡིན་པ་བཀའ་ཕེབས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎