༸གོང་ས་མཆོག་ནས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་ལ་མཇལ་ཁ་དང་སློབ་གཉེར་ཡག་པོ་གནང་དགོས་པའི་ལམ་སྟོན་སྩལ་བ།
སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་རྡོ་བྲག་མཁན་ཟུར་༸སྟག་ལུང་རྩེ་སྤྲུལ་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས་དབང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གྲུབ་ཡོད་པར་བརྟེན། ཕྱི་ཟླ་༡༢པའི་ཚེས་༡༥ཉིན་བཞུགས་སྒར་དུ་ཡང་སྲིད་རིན་པོ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་ཡབ་ཡུམ་སྐུ་འཁོར་དང་བཅས་པ་ཆེད་ཕེབས་ཀྱིས། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་མཇལ་ཁ་བཀའ་སློབ་ཞུས་ཡོད་ཅིང་། འབྲེལ་ཡོད་ཡང་སྲིད་ཚོགས་ཆུང་གི་དགེ་འདུན་པ་ཡར་འཕེལ་ལགས་ནས། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཐོག་གོང་མ་མཆོག་གི་རྩ་ནས་༸གོང་ས་མཆོག་གིས་སྔ་འགྱུར་གྱི་དབང་ལུང་གལ་ཆེན་ཁག་ཅིག་ཞུས་པ་སོགས། སྐུ་ཐོག་གོང་མ་དང་༸གོང་ས་མཆོག་ཕན་ཚུན་ཆོས་འབྲེལ་དང་ཐུགས་རྒྱུས་ཟབ་མོ་ཡོད་པ་སོགས་བཀའ་སློབ་ཕེབས་ཡོད་པ་མ་ཟད། ལམ་སྟོན་གྱི་སྙིང་པོ་ནི་ཡང་སྲིད་རིན་པོ་ཆེ་ལ་སློབ་གཉེར་ཡག་པོ་གནང་བཅུག་དགོས་པ་སོགས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ནི་ཡང་སྲིད་ཚོགས་ཆུང་མི་བདུན་ཡོད་པ་ཞིག་བཙུགས་པ་དང་། སྐུ་ཐོག་གོང་མའི་སྲས་ཀྱི་ཐུ་བོ་དགེ་སློང་ནམ་མཁའི་སྙིང་པོ་ལ་ལམ་སྟོན་ཞུས་པ་བརྒྱུད། ལམ་སྟོན་གཞིར་བཟུང་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་རྒྱ་གར་ཧི་མ་ཅལ་མངའ་ཁོངས་ཀྱི་སྤི་ཏི་ས་ཁུལ་དུ་འཁྲུངས་པ། ཁྱེའུ་ངག་དབང་བཀྲ་ཤིས་རབ་བརྟན་ཡང་སྲིད་དུ་ངོས་འཛིན་གནང་བ་སོགས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་མཇལ་ཁ་ཞུ་བར་ཆུང་སྲིད་རིན་པོ་ཆེ་མཆོག་གི་ཡབ་ཡུམ་གཉིས་ཀྱང་ཆེད་ཕེབས་གནང་ཡོད་པས། ཆུང་སྲིད་རིན་པོ་ཆེའི་མ་ཡུམ་སྐལ་བཟང་སྒྲོལ་མ་ལགས་ནས། སངས་རྒྱས་ཀྱི་ཐུགས་རྗེ་བཀའ་དྲིན་གྱིས་༸གོང་ས་མཆོག་ལ་མཇལ་ཁ་ཐོབ་པ་དང་། རྩེ་སྤྲུལ་རིན་པོ་ཆེའི་བཀའ་དྲིན་གྱིས་ང་རང་ཡབ་ཡུམ་གཉིས་ལའང་བསྐལ་བ་བཟང་པོ་ལྡན་པ། ༸སྐྱབས་རྗེ་རིན་པོ་ཆེ་འཁྲུངས་ཏེ་སྤི་ཏི་ཡུལ་དུ་བྱིན་རླབས་ཆེན་པོ་བྱུང་བ་དང་ལས་དག་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་༡༩༢༦ལོར་བོད་ཀྱི་ཡར་འབྲོག་སྣ་དཀར་རྩེ་ཁུལ་དུ་འཁྲུངས་པ་དང་། སྔ་འགྱུར་རྙིང་མའི་ཆོས་སྐོར་གྱི་དབང་ལུང་མན་ངག་གི་མཛོད་དུ་གྱུར་པ་ཞིག་ཡིན་པར་བརྟེན། སྔ་འགྱུར་རྙིང་མའི་དབུ་འཛིན་གནང་བ་དང་༸གོང་ས་མཆོག་ལའང་སྔ་འགྱུར་གྱི་དབང་བཀའ་གལ་ཆེན་ཁག་ཅིག་ཕུལ་ཡོད་པ་མ་ཟད། རྒྱ་གར་ནང་ཤིམ་ལ་རྡོ་རྗེ་བྲག་དགོན་པ་གསར་བཞེངས་སོགས་གནང་ཡོད་པས། རྡོ་རྗེ་བྲག་དགོན་པ་ནི་རིག་འཛིན་པདྨ་འཕྲིན་ལས་ཀྱི་སྐབས་ནས་གཞུང་ས་དགའ་ལྡན་ཕོ་བྲང་དང་འབྲེལ་བ་ཧ་ཅང་དམིགས་བསལ་ཅིག་གྲུབ་ཡོད་པ་སོགས་ཀྱིས། རིན་པོ་ཆེ་མཆོག་ལ་༸གོང་ས་མཆོག་གིས་དམིགས་བསལ་གཟིགས་པ་ཆེན་པོ་གནང་གི་ཡོད་པ་དང་། ད་ལྟ་དགུང་ལོ་༤ལྷག་སོན་པའི་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྐུ་ཕྲེང་བཞི་པ་འཇིགས་བྲལ་པདྨ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་མཆོག་ནི། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ས་ཁོངས་ཀྱི་བོད་དང་ཆོས་དང་རིག་གཞུང་། སྐད་ཡིག་གཅིག་གྱུར་ཡིན་པའི་སྤི་ཏི་ས་ཁུལ་དུ་འཁྲུངས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།