༸གོང་ས་མཆོག་རྒྱ་གར་ཨོ་རི་ས་གཞིས་ཆགས་སུ་ཆིབས་བསྒྱུར།
2010.01.14
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་རི་ས་གཞིས་ཆགས་སུ་པད་མ་སམ་བྷ་བ་གཙུག་ལག་ཁང་དབུ་འབྱེད་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གྲངས་བཞིའི་རིང་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཆོས་འབྲེལ་བསྐྱངས་གནང་ཡོད་པའི་མཛད་འཆར་ཁོངས་སུ་འདི་ཚེས་བཅུ་གཉིས་ཉིན་རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་གི་ཕོ་བྲང་ནས་པད་མ་སམ་བྷ་བ་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་ནས་དབུ་འབྱེད་ཀྱིས་དེར་འདུས་དགེ་བཙུན་དང་མང་ཚོགས་ལ་བཀའ་སློབ་སྩལ་གནང་བའི་ནང་དོན་གཙོ་བོར། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནི་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བྱེད་དགོས་པ་ཡིན་དུས་ཁྱེད་རང་ཚོས་པད་མ་ནོར་བུ་རིན་པོ་ཆེའི་བཤད་སྒྲ་ནས་མཁན་པོ་གདན་དྲངས་ཏེ་འཆད་ཉན་གྱི་ལས་ལ་འབད་པར་ཡག་པོ་ཞེ་དྲག་རེད་ཅེས་བསྔགས་བརྗོད་གནང་བ་དང་། དེ་བཞིན་ཐུན་མོང་མ་ཡིན་པའི་ཆོས་བརྒྱུད་ཀྱི་སྒྲུབ་ཆེན་ཁག་ཚུགས་གནང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་བཀའ་གནང་བ་དང་། དེ་བཞིན་དགོན་པའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགེ་འདུན་སློབ་གཉེར་བྱེད་མཁན་ཡོད་པ་དེ་ནི་ཧ་ཅང་ཡག་པོ་རེད་ཅེས་གསུངས་པ་དང་། ཆབས་ཅིག་ཚང་མས་ཆོ་ག་འདོན་རྒྱུ་ཙམ་མ་ཡིན་པར་ནང་པའི་ཆོས་དོན་རྟོག་པ་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་འདུག
ཡང་མཛད་སྒོའི་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཀྱང་བླང་འདོར་གྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།
ད་རེས་སྤྱི་ནོར་༸གོང་ས་མཆོག་ཆིབས་བསྒྱུར་གནང་བའི་དུས་ཚོད་འདིར་ཨོ་རི་ས་མངའ་སྡེའི་གཞུང་ནས་རི་དགོན་ཐུབ་བསྟན་སྨིན་སྒྲོལ་གླིང་ཆགས་ཡོད་པའི་ཆ་ནས་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་སུ་ངོས་འཛིན་གནང་བའི་གསལ་བསྒྲགས་ཀྱང་གནང་ཡོད་པ་རེད།