༸གོང་ས་མཆོག་རྒྱ་གར་གུ་ཇ་རཏ་ཁུལ་དུ་ཆིབས་བསྒྱུར།
2010.01.14
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཨོ་རི་ས་ནས་གུ་ཇ་རཏ་ཁུལ་དུ་ཆིབས་སྒྱུར་བསྐྱང་གནང་མཛད་ཡོད་པ་རེད་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཨོ་རི་སའི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་ཚེས་༡༥ཉིན་རྒྱ་གར་གུ་ཇ་རཏ་མངའ་སྡེའི་ལྦ་ཏུ་ཏོ་ཏ་ར་ཞེས་པའི་གྲོང་ཁྱེར་ནང་རྒྱལ་སྤྱིའི་ནང་པའི་ལེགས་བྱང་གི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གྱི་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག རྒྱལ་སྤྱིའི་ནང་པའི་ལེགས་བྱང་གི་ལྷན་ཚོགས་འདི་བཞིན་ཉིན་གསུམ་རིང་གྲོང་ཁྱེར་ལྦ་ཏུ་ཏོ་ཏ་རའི་མཐོ་རིམ་སློབ་གྲའི་ནང་ཚོགས་རྒྱུ་ཡིན་པ་དང་ལྷན་ཚོགས་འདིའི་ཐོག་རྒྱལ་ཁབ་འདྲ་མིན་ཁག་༡༥ཙམ་ནས་ནང་པའི་མཁས་དབང་ཁག་ལྷན་ཞུགས་གནང་རྒྱུ་ཡིན་པ་མ་ཟད་ དེའི་ནང་རྒྱ་གར་ནང་པའི་དགེ་འདུན་པ་གྲངས་༥༠༠ལྷག་དང་ཕྱིའི་ཡུལ་གྲུ་འདྲ་མིན་ནས་དགེ་འདུན་པ་གྲངས་༢༠༠ལྷག་ཚོགས་བཅར་ཞུ་གི་ཡོད་འདུག ད་རེས་ལེགས་བྱང་གི་ལྷན་ཚོགས་སྐོང་ཚོགས་གནང་བའི་དགེ་ཚན་གཙོ་བོ་ཞིག་ནི་ས་གནས་དེ་ནང་ནང་ཆོས་ལ་བརྟེན་པས་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་གོང་མཐོར་གཏོང་རྒྱུ་དང་ལྷག་པར་དུ་ས་ཁུལ་དེའི་ནང་གནའ་རབས་ནང་ཆོས་དར་ཁྱབ་བྱུང་ཡོད་པའི་དཔང་རྟགས་སུ་གནའ་རབས་ནང་ཆོས་ཀྱི་དགོན་པ་དང་སྟོན་པའི་སྐུ་བརྙན་གཙོས་པའི་གནའ་ཤུལ་དངོས་རྗས་མང་པོ་རྙེད་སོན་བྱུང་བ་དེ་དག་མང་ཚོགས་ལ་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་ལ་ དེ་དང་ཆབས་ཅིག་ནང་པའི་རྒྱལ་ཁབ་འབར་མ་དང་ ཉི་ཧོང་ རྒྱ་ནག་ བལ་ཡུལ་བཅས་ནས་རྙེད་སོན་བྱུང་བའི་སྟོན་པའི་སྐུ་བརྙན་དང་ནང་པའི་དངོས་རྗས་སོགས་ཀྱང་ད་རེས་གུ་ཇ་རཏ་གཙུག་ལག་སློབ་གྲའི་ལེགས་བྱང་གི་ལྷན་ཚོགས་འདི་དང་སྟབས་བསྟུན་སྟེ་འགྲེམས་སྟོན་གནང་འཆར་ཡང་ཡོད་པ་རེད་༎