༧གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་ཆོས་འབྲེལ་གསུང་ཆོས་སྩོལ་གནང་རྒྱུ།
2015.11.21

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་བཅིུས་པའི་གཟའ་འཁོར་གཉིས་པ་ནས་ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་དང་པོའི་ཟླ་འགོ་བར་རྒྱ་གར་ལྷོ་ཕྱོགས་སུ་ཆོས་འབྲེལ་གསུང་ཆོས་སྩོལ་རྒྱུ་དང་སེམས་དང་སྲོག་ཐེངས་ཉེར་དགུ་པའི་ཚོགས་མགོན་དུ་ཞབས་སོར་འགོད་རྒྱུ་ཡིན་འདུག།
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་བཀོད་པའི་མཛད་འཆར་གཞིར་བཟུང་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་ ༡༢ ཚེས་ ༨ ནས་ ༡༢ བར་ཏེ་ཉིན་གྲངས་ལྔའི་རིང་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ཆགས་པའི་དཔལ་ལྡན་སྨད་བརྒྱུད་གྲྭ་ཚང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་རྟོགས་བརྗོད་བདུན་ལེགས་མ། ༧རྒྱལ་མཆོག་༧སྐུ་ཕྲེང་བདུན་པས་མཛད་པའི་ལྟ་འཁྲིད་བདེན་པ་བཞི་ལྡན་གྱི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། དཔལ་གསང་བ་འདུས་པའི་བཀའ་དབང་། སྨད་བརྒྱུད་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྩོལ་གནང་མཛད་རྒྱུ་ཡིན་འདུག།
ཕྱི་ཚེས་ ༡༤ ནས་ ༡༧ བར་སྦེལ་ཀོབ་སེ་རྭ་ཆོས་སྒར་དུ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཚོགས་མགོན་དུ་ཞབས་སོར་འགོད་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་བཀྲིས་ལྷུན་པོའི་འདུ་ཁང་གསར་པའི་དབུ་འབྱེད་རབ་གནས་དང་། རྒྱ་གར་གྱི་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་སྒོ་ནས་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཚེས་ ༢༠ ནས་ ༢༩ བར་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་སོགས་ཐོུང་ནས་གསོལ་འདེབས་ཞུས་པའི་བྱང་ཆུབ་ལམ་རིམ་ཁྲིད་ཆེད་བཅོ་བརྒྱད་ཀྱི་བཤད་ཁྲིད་ལོ་སྔོན་མ་རྣམས་ཀྱི་ཁྲོད་ཚར་མུ་འཐུད་བསྩལ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༣༠ དང་ ༣༡ ཉིན་གྲངས་གཉིས་རིང་བཀྲིས་ལྷུན་པོ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བཀྲིན་ཆེན་གནང་མཛད་རྒྱུ་ཡིན་འདུག་ཅིང་། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ལ་ཚེ་དབང་བསྩལ་གནང་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།