༧གོང་ས་མཆོག་ནས་དགེ་འདུན་པ་ཁག་ལ་བསྙེན་རྫོཊ་ཀྱི་སྡོམ་པ་སྩལ་བ།
2016.07.02

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩོལ་གནང་མཛད་བཞིན་ཡོད་པ་རེད་འདུག
དེ་རིང་ཕྱི་ཟླ་ ༧ ཚེས་ ༢ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། རྭ་སྟོད། རྒྱུད་གྲྭ་སྟོད་སྨད། བཀྲི་ཤིས་ལྷུན་པོ། རྫོང་དགའ་ཆོས་སྡེ། དེ་བཞིན་བོད་ནས་ཕེབས་པའི་དགེ་འདུན་པ་ཁག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་མཛད་ཡོད་པ་དང་། ཐེངས་འདིའི་བསྙེན་རྫོགས་ཀྱི་སྡོམ་པ་འདི་ནི་སྤྱི་ཚེས་༢་ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་དགེ་འདུན་པ་གྲངས་ ༩༠༠ ཙམ་ལ་བསྩལ་རྒྱུ་ཡིན་ཞིང་། ཉིན་དང་པོའི་ཐོག་དགེ་འདུན་པ་ཞལ་གྲངས་ ༨༡ ལ་བསྙེན་རྫོགས་སྡོམ་པ་བསྩལ་ཡོད་པ་དང་། ཉིན་གཉིས་པ་ནས་བཟུང་ཉིན་རེར་དགེ་འདུན་པ་གྲངས་ ༩༠ ལ་སྡོམ་པ་བསྩལ་གནང་མཛད་རྒྱུ་ཡིན་པ་རེད་འདུག་ལ།
བསྙེན་རྫོགས་ཀྱི་སྡོམ་པའི་སྐོར་སྐུ་བཅར་དགེ་བཤེས་ལྷ་རམས་པ་ཡང་སྟེང་རིན་པོ་ཆེར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་བཅར་འདྲི་ཞུས་པར། ཡང་སྟེང་རིན་པོ་ཆེ་ནས། བསྙེན་རྫོགས་ཀྱི་སྡོམ་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཆེན་པོ་ཞིག་ཏུ་རྩིས་གནང་གི་ཡོད་པ་དང་། ནང་པ་སྤྱི་ནས་བཤད་ན་སངས་རྒྱས་ཀྱི་བསྟན་པ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། དེ་འདྲའི་རྩ་ཆེའི་བསྟན་པ་གནས་དང་མི་གནས་བསྙེན་རྫོགས་ཀྱི་སྡོམ་པ་རྒྱུན་མ་ཆད་པར་གནང་རྒྱུ་ཡོད་མིན་ལ་རག་ལུས་ཡོད་ལ། བསྙེན་རྫོགས་ཀྱི་སྡོམ་པ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། དང་པོ་སྡོམ་པ་དེ་ནི་རབ་བྱུང་སྡོམ་པའི་ནང་ནས་ཚད་མཐོ་ཤོས་དེ་ཆགས་ཡོད་པ་དང་། སྡོམ་པ་དེ་ཞུས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དེ་ཡོངས་སུ་རྫོགས་པ་རེད་ཅེས་ཞུ་གི་ཡོད་པ་དང་། གཉིས་ནས་སངས་རྒྱས་ཀྱི་བསྟན་པ་དེ་འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་ཡིན་ཞེས་ཟེར་གྱི་ཡོད་པ་བཞིན། བསྟན་པ་གནས་དང་མི་གནས་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་གྱི་འདུལ་བ་འཛིན་པ་དགེ་སློང་གནས་དང་མི་གནས་ལ་རག་ལུས་ཡོད་ཅེས་གསུངས་འདུག།
གསར་འགོད་པ། ཀུན་བཟང་རིག་འཛིན།