༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་གནང་བ།
2010.01.16
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ནང་པའི་གནས་མཆོག་རྡོ་རྗེ་གདན་དང་དེ་ནས་རྒྱ་གར་ཤར་ཕྱོགས་ཁུལ་གྱི་མངའ་སྡེ་ཨོ་རི་སའི་རྒྱལ་ས་བུ་སྦ་ནེ་སི་ལྦར་དེ་རྗེས་རྒྱ་གར་ནུབ་ཕྱོགས་མངའ་སྡེ་གུ་ཇ་ར་ཏེའི་གྲོང་ཁྱེར་སྦ་རོ་ཌའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་རྗེས་ཟླ་བ་འདིའི་ཚེས་༡༦ཕྱི་དྲོ་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་ཡོད་པ་རེད་
མངའ་སྡེ་ཨོ་རི་སའི་རྒྱལ་ས་བུ་སྦ་ནེ་སི་ལྦར་ནང་རྟེན་གཞི་བྱས་པའི་ཨུཏ་ཀལ་གཙུག་ལག་སློབ་གྲའི་རིག་གཞུང་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་དམ་པའི་ཆོས་ནི་འཚེ་བ་མེད་པ་དང་བྱམས་པ་ བརྩེ་བ་སོགས་འགྲོ་བ་མིའི་སེམས་ཚོར་གྱི་རྣམ་གཞག་དང་འབྲེལ་ནས་ཡོད་པ་ཞིག་རེད་ཅེས་གཙུག་ལག་སློབ་གྲའི་དགེ་ལས་སློབ་ཕྲུག་དང་ མཁས་དབང་བཅས་པར་བཀའ་གནང་ཡོད་པ་རེད་ རྒྱ་གར་ནུབ་ཕྱོགས་ཀྱི་མངའ་སྡེ་གུ་ར་ཇ་ཏེའི་གྲོང་ཁྱེར་སྦ་རོ་ཌའི་ནང་རྟེན་གཞི་བྱས་པའི་མ་ཧ་ར་ཇ་ས་ཡ་ཇི་རའོ་ཡི་གཙུག་ལག་སློབ་གྲའི་དབུ་འཛིན་དགེ་ལས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སློབ་གྲ་དེ་ཡིས་
གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལེགས་བྱང་དང་འབྲེལ་བའི་རིག་གཞུང་གི་ལྷན་ཚོགས་དེ་དབུ་འབྱེད་གནང་བ་རེད་ ལྷན་ཚོགས་དེའི་ནང་ གུ་ཇ་ར་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་རེན་རྡར་མོ་ཌི་ཡིས་གཙོས་པས་འབྲུག་གཞུང་གི་ཕྱི་སྲིད་བློན་ཆེན་མཆོག་དང་ཤྲི་ལང་ཀ་ ཉི་ཧོང་ ཨ་མི་རི་ཀ་ དབྱིན་ཡུལ་སོགས་ རྒྱལ་ཁབ་༡༥ཙམ་ནས་བློན་ཆེན་དང་མཁས་དབང་རྒྱ་གར་ནང་པའི་དགེ་འདུན་དང་བོད་པའི་བླ་སྤྲུལ་དགེ་བཤེས་སོགས་བརྒྱ་ཕྲག་མང་པོས་མཉམ་ཞུགས་གནང་ཡོད་པ་རེད།།