༸གོང་ས་མཆོག་རྡ་སར་ཞབས་སོར་འཁོད་གནང་མཛད་པའི་སྐོར།
2009.10.13
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌ་དང་ཨ་མི་རི་ཀའི་ཁུལ་དུ་ཉིན་གྲངས་བཅུ་དགུའི་མཛད་འཆར་ལེགས་གྲུབ་ཀྱིས་དེ་རིང་ཕྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་ལེགས་པར་འཁོད་གནང་མཛད་ཡོད་པ་རེད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་སའི་ག་གྷལ་གནམ་ཐང་དུ་ཞབས་སོར་འཁོད་གནང་མཛད་སྐབས་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་བགྲེས་གཞོན་དང་བཀའ་བློན་ཁྲི་པ་བཅས་ནས་ཕེབས་བསུ་ཞུས་ཤིང་དེ་བཞིན་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་ཆེ་བ་རྣམ་པ་དང་སྤྱི་འཐུས་རྣམ་པ་དེ་བཞིན་རྣམ་གྲྭ་འདུས་མ་དང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་སྡེ་ཚོགས་ཀྱི་ཚོགས་པའི་མི་སྣ་ཁག་ནས་སེར་སྦྲེངས་སྒྲིག་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
ཐེངས་འདིའི་ཉིན་གྲངས་བཅུ་དགུའི་རིང་གི་ཆིབས་བསྒྱུར་སྐབས་ཐོགས་མར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཀེ་ལི་ཕོ་ནི་ཡའི་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེ་སིའི་ནང་བདེན་བཞིའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་པ་དང་དེ་རྗེ་ཁེ་ན་ཌའི་གྲོང་ཁྱེར་ལྦེན་ཀུ་ལྦའི་ནང་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ་ཀེལ་ག་རིར་ཆིབས་བསྒྱུར་དང་དེ་རྗེས་ནིའུ་ཡོག་ས་གནས་མཐར་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་བསྐྱངས་ཤིང་ཨ་རིའི་གྲོས་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོས་ཚོགས་ཀྱི་འཐུས་མི་འདས་པོ་ཊོམ་ལེན་ཊོ་སེ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཕུལ་ཞིང་གྲོས་ཚོགས་གོང་འོག་གི་གནས་ཡོད་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད།
དེ་རྗེས་ཉིན་གྲངས་གཉིས་རིང་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་མི་ཚོ་གོ་ལའི་གཅིག་ལ་གཅིག་རྟེན་གྱི་གནས་སྟངས་འདིའི་འོག་བསམ་བློའི་ཡོན་ཏན་བཟང་པོ་དང་ལྡན་པ་ཞིག་གི་ཐོག་ནས་ཚར་ལོངས་འབྱུང་ཐབས་ཆེད་ཤེས་ཡོན་སློབ་གསོ་སྤྲོད་ཕྱོགས་ཐད་ཀྱི་སེམས་དང་སྲོག་གི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་རྒྱལ་ས་ལྦ་ཤིང་ཀྲོན་གྱི་ནང་རྒྱ་རིགས་ཁག་ཅིག་དང་མཇལ་འཕྲད་དང་ལྷག་པར་དུ་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མའི་བྱ་དགའ་གསོལ་སྩལ་གནང་ཡོད་པ་རེད། བྱ་དགའ་དེ་རྒྱ་རིགས་དེ་དག་གི་སྐུ་ཚབ་མཚོན་པའི་ཐོག་ནས་སྐུ་ཞབས་ལྦང་ལི་ཞུན་གྱིས་བཞེས་ཡོད་པ་རེད།
ཨ་མི་རི་ཀི་མཛད་འཆར་ཉིན་མཐའ་མར་དད་གུས་ཅན་སྟོང་ཕྲག་འགའ་ཤས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་དང་བོད་མི་ཚོར་བཀའ་སློབ་སྩལ་གནང་མཛད་པ་བཅས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།
ཕྱི་ཟླ་བཅུ་པའི་ཚེས་བཅོ་ལྔ་ཉིན་དབུ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡོ་རྗེ་གཅོད་པ་དང་བློ་སྦྱོང་དོན་བདུན་མ་ ལམ་གཙོ་རྣམ་གསུམ་བཅས་ཀྱི་སྒོ་ནས་ཐེ་ལྦན་ནས་ཆེད་བཅར་ཞུ་མཁན་རྒྱ་རིགས་གཙོ་བོར་གྱུར་པའི་དད་ལྡན་པ་རྣམས་ལ་གསུང་ཆོས་བཀྲིན་ཆེ་རྒྱུ་དང་ཕྱི་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
དེ་རྗེས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ཐམ་པ་ནས་ཉི་ཤུ་གཉིས་བར་ལྷོ་ཤར་ཨེ་ཤེ་ཡའི་ཁུལ་ནས་ཆེད་བཅར་ཞུ་མཁན་རྒྱ་རིགས་གཙོ་བོར་གྱུར་པའི་དད་ལྡན་པ་ཚོར་བདེན་བཞིའི་བཀའ་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག།