སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པ།
2016.09.10

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཇམ་གྱི་རྒྱལ་ས་ Brussels རུ་ཚུགས་བཞིན་པའི་སྟོབས་ཤུགས་དང་གཅེས་སྐྱོང་ཅེས་པའི་བརྗོད་གཞིའི་ཐོག་གི་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཉིན་གཉིས་པའི་ཚོགས་མགོན་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
ཚོགས་འདུ་ཉིན་གཉིས་པའི་ཚོགས་དུས་དང་པོའི་བརྗོད་གཞི་ནི། བསམ་པའི་འཁྱེར་བཟོ་དང་ཆོས་ལུགས་ཀྱི་ལྟ་ཚུལ་སྐོར་ཡིན་ཞིང་། ཚོགས་དུས་གཉིས་པའི་བརྗོད་གཞི་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཐོག་ནས་སྟོབས་ཤུགས་དང་གཅེས་སྐྱོང་ཐོག་ལྟ་ཚུལ་དེ་ཡིན་པ་རེད། ཚོགས་དུས་གཉིས་ཀྱི་ནང་འཛམ་གླིང་ནང་གི་གྲགས་ཅན་མཁས་པ་ཁག་གཅིག་ནས་རང་རང་སོ་སོའི་ཞིབ་འཇུག་གི་གྲུབ་ཐོའི་ཐོག་ནས་གསུང་བཤད་གནང་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་དང་དཔལ་འབྱོར་གྱི་ལམ་ལུགས་གཉིས་ཀའི་ནང་འཛམ་གླིང་འདིའི་ནང་གི་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཚང་མ་བདེ་བ་འདོད་མཁན་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། རང་གི་བདེ་སྡུག་ནི་གཞན་གྱི་གནས་བབས་ལ་རག་ལུས་པ་འབའ་ཞིག་ཡིན་པའི་བསམ་བློ་དེ་སྐྱེས་འཕེལ་བྱེད་ཚེ། དེང་དུས་འཛམ་གླིང་ནང་ཆོས་ལུགས་ཀྱི་མིང་གི་ཐོག་ནས་བཟོས་པའི་དཀའ་རྙོག་དང་དཔལ་འབྱོར་ལམ་ལུགས་ཀྱི་ཐོག་ནས་དབུལ་ཕྱུགས་འཁོད་མི་སྙོམས་པའི་དཀའ་ངལ་དེ་དག་སེལ་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག།
ཡང་དཔལ་འབྱོར་གྱི་གནས་བབས་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་གང་ཉིད་ལ་དཔལ་འབྱོར་གྱི་གནས་ལུགས་ཐོག་མཁྱེན་རྒྱ་གང་ཡང་མེད་ཀྱང་། ད་ལྟའི་འཛམ་གླིང་ནང་གི་དཔལ་འབྱོར་ལམ་ལུགས་དེ་དག་གི་ནང་མི་འདེངས་པའི་ཆ་ཆེན་པོ་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་མ་ཁེ་སི་དཔལ་འབྱོར་ལམ་ལུགས་ཏེ། འགོ་འགྲེམ་འཁོད་སྙོམས་ཀྱི་ལྟ་བ་དེའི་ཐུགས་མོས་ཆེ་བ་ཡོད་པ་གསུངས་པ་དང་། འོན་ཀྱང་ལེ་ནིན་རིང་ལུགས་ལ་རྩ་བ་ནས་མོས་མཐུན་གནང་གི་མེད་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་ཐོག་དབུལ་ཕྱུགས་གི་ཁྱད་པར་ཆེན་པོ་བཟོ་བཞིན་པ་དང་། འབྱོར་ལྡན་ཡུལ་གྲུ་ཚོའི་ནང་ཆུད་བཟོས་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེ་ནི་མི་ཆོས་རིང་ལུགས་གཅིག་པོའི་ཐོག་ནས་བཤད་ན་ཡང་ཆེས་མི་འོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། དེར་དཔལ་འབྱོར་ལམ་ལུགས་ཐོག་མཁས་དབང་སྐུ་ཞབས་ Dennis James Snower གྱིས་གལ་ཏེ་དེང་དུས་དཔལ་འབྱོར་ལམ་ལུགས་ནང་གཅེས་སྐྱོང་ངམ་བྱམས་བརྩེའི་བསམ་བློ་ཤུགས་ཆེ་ཙམ་སླེབས་ཚེ་དཀའ་ངལ་མང་དག་ཅིག་སེལ་ཐུབ་པའི་ནུས་པ་ཡོད་པ་གསུངས་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།