རྒྱ་གཞུང་གིས་སྲོག་ཐོག་བཏང་བའི་བོད་མི་བཞིའི་ཆེད་ཐུཌ་སྨོན།
2009.10.26
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་དུས་རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ལྷ་སའི་ཞི་རྒོལ་སྐབས་ཉེས་འཛུགས་བྱས་པའི་བོད་མི་བཞི་སྲོག་ཐོག་བཏང་བ་དེ་དག་གི་ཆེད་དུ་གསོལ་འདེབས་དང་ཐུགས་སྨོན་སྐྱབས་འཇུག་གནང་འདུག
རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་གཞུང་གི་དབྱིན་ཡིག་དྲ་རྒྱའི་ཐོག་སྤེལ་བའི་གསལ་བསྒྲགས་ནང་སྲོག་ཐོག་བཏང་བའི་བོད་མི་དེ་དག་ཆེད་དུ་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ་དམིགས་བསལ་གོ་སྒྲིག་ཞུས་པའི་འདུས་ཚོགས་ཀྱི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཁྲི་པ་སྐུ་འཕྲེང་༡༠༢པ་ཐུབ་བསྟན་ཉི་མ་ལུང་རྟོག་བསྟན་འཛིན་ནོར་བུ་མཆོག་དང་རྒྱལ་བ་ཀརྨ་པ་སྐུ་ཐོག་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག སྨན་རི་ཁྲི་འཛིན་སྐུ་ཐོག་༣༣༠པ་ལུང་རྟོག་བསྟན་པའི་ཉི་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་བགྲེས་པ་རྣམས་ཚོགས་བཅར་གནང་ཡོད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོག་ཐོག་ཕྱིན་པ་དང་དེ་དག་གི་ནང་མི་ཚོའི་ཆེད་དུ་ཐུགས་སྨོན་སྐྱབས་འཇུག་གནང་བ་དང་སྦྲགས་བོད་མི་ན་གཞོན་དེ་དག་གི་ཚེ་སྲོག་ཤོར་པར་ཐུགས་ཕམ་ཆེན་པོ་གནང་འདུག ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ཟླ་གསུམ་པའི་བོད་མི་ཚོས་ཞི་རྒོལ་གྱི་དོན་རྐྱེན་སྐབས་མི་གསོད་ཁྲག་སྦྱོར་གྱི་ཉེས་འཛུགས་འོག་སྲོག་ཐོག་བཏང་བའི་བོད་མི་ན་གཞོན་དེ་དག་ནི་རང་ལོ་ཉི་ཤུ་རྩ་བདུན་ལ་སླེབས་པའི་བློ་བཟང་རྒྱལ་མཚན་ལགས་དང་རང་ལོ་ཉི་ཤུ་རྩ་ལྔ་ཡིན་པའི་བློ་ཡག་ལགས་ སྤེན་སྐྱིད་རང་ལོ་ཉི་ཤུ་རྩ་གཅིག་ཡིན་པ་གསུམ་དང་བཞི་པ་དེ་སུ་ཡིན་ད་ལྟ་ངོས་འཛིན་བྱེད་ཐུབ་མེད་པ་རེད། དེའི་ཞོར་ལ་༸གོང་ས་མཆོག་གིས་རེས་གཟའ་ཉི་མའི་ཉིན་ཨི་རཁ་ནང་འབར་རྫས་གས་གཏོར་གྱི་དོན་རྐྱེན་ནང་ཡུལ་མི་༡༣༢རྐྱེན་ལམ་དུ་ཕྱིན་པ་དང་༥༢༠ཙམ་རྨས་པ་དེ་དག་གི་ཆེད་དུ་ཡང་ཐུགས་སྨོན་སྐྱབས་འཇུག་གནང་འདུག།