ཇ་མུ་ཀཤ་མིར་སྤྱི་ཁྱབ་བློན་ཆེན་གྱི་ཤུལ་ལུས་ནང་མིར་ཐུགས་གསོ།
2016.01.09
༄༅། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཇ་མུ་དང་ཀཤ་མིར་གྱི་སྤྱི་ཁྱབ་བློན་ཆེན་ མུཕ་ཏི་ མོ་ཧ་མད་ ས་ཡི་ད་ (Mufti Mohammad Sayeed) མཆོག་འདས་གྲོངས་སུ་ཕྱིན་པར་ཁོང་གི་སྲས་མོ་ མི་ཧ་སྦོའོ་སྦ་ (mehbooba) གཙོས་པའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་བསྩལ་གནང་མཛད་འདུག རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཇ་མུ་དང་ཀཤ་མིར་གྱི་སྤྱི་ཁྱབ་བློན་ཆེན་ མུཕ་ཏི་ མོ་ཧ་མད་ ས་ཡི་ད་(Mufti Mohammad Sayeed) མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༧་ཉིན་ཁོང་གི་སྲས་མོ་Mehbooba Mufti་གཙོས་པའི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་བསྩལ་བའི་ནང་། ཁྱེད་ཀྱི་པ་ལགས་ མུཕ་ཏི་ མོ་ཧ་མད་ ས་ཡི་ད་(Mufti Mohammad Sayeed) མཆོག་རྒྱལ་ས་ལྡི་ལིའི་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་གསན་པར་༧མགོན་པོ་གང་ཉིད་ཐུགས་ཕམ་པོ་བྱུང་བ་དང་འདས་པོ་དེ་ནི་ཇ་མུ་དང་ཀཤ་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན་པ་མ་ཟད་ འདས་པའི་ལོ་༥༠་ལྷག་རིང་ཆབ་སྲིད་ཐོག་ནས་གཞན་ཕན་སྒྲུབ་མཁན་ཉམས་མྱོང་ཅན་གྱི་མི་སྣ་ཞིག་འདས་གྲོངས་སུ་ཕེབས་པ་རེད་ཅེས་དང་། ༧མགོན་པོ་གང་ཉིད་ནས་འདས་པོ་དེའི་ཆེད་དུ་ཐུགས་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཡོད་ཅེས་བཀའ་གནང་འདུག། Mufti Mohammad Sayeed དམ་པ་དེ་ནི་རྒྱ་གར་ནང་གི་ཁ་ཆེའི་སྲིད་དོན་མི་སྣ་སྙན་གྲགས་ཅན་ཞིག་ཏུ་རྩི་ཀྱི་ཡོད་པ་དང་ཁོང་བློ་ཚད་སྙུང་གཞི་ཕོག་ནས་གཟའ་ཕུར་བུའི་ཉིན་རྒྱལ་ས་ལྡི་ལིར་འདས་གྲོངས་སུ་ཕྱིན་པ་དང་ཁོང་དགུང་གྲངས་༧༩་ཕེབས་ཡོད་པ་རེད། ཁོང་གིས་ཇ་མུ་དང་ཀཤ་མིར་མངའ་སྡེའི་ནང་མི་མང་གི་མང་གཙོ་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་གསར་འཛུགས་གནང་སྟེ་སྲིད་བློན་Narendra Modi མཆོག་གིས་དབུ་ཁྲིད་པའི་རྒྱ་གར་མི་མང་གི་ཚོགས་པ་དང་མཉམ་འབྲེལ་གནང་སྟེ་ཕྱི་ལོ་༢༠༡༤་ལོའི་འོས་བསྡུའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་ནས་ཁོང་ཇ་མུ་དང་ཀཤ་མིར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཆགས་པ་རེད། ཁོང་གི་སྲས་མོ་Mehbooba Mufti མཆོག་ནི་མི་མང་གི་མང་གཙོ་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་དེའི་ཚོགས་གཙོ་ཡིན་སྟབས། ད་ཆ་ཁོང་མངའ་སྡེ་འདིའི་སྤྱི་ཁྱབ་བློན་ཆེན་གསར་པའི་ཐུགས་འགན་བཞེས་འཆར་ཡོད་པའི་གནས་ཚུལ་འདུག༎
གསར་འགོད་པ་བསོད་ནམས་ལྷ་མོ།