གཞོན་སྐྱེས་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་པར་འགན་ཁུར་དགོས། ༧གོང་ས་མཆོག་གིས།

2022.04.11
གཞོན་སྐྱེས་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་པར་འགན་ཁུར་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་གཞོོན་སྐྱེས་ཚོས་འཛམ་གླིང་གི་མི་གྲངས་ཐེར་འབུམ་བདུན་པོ་རྣམས་མི་གཅིག་གྱུར་ཡིན་པའི་བསམ་བློའི་སྟེང་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་འགན་འཁུར་དགོས་སྐོར་བཀའ་གནང་སོང་།
OHHDL

དེ་རིང་ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༡༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཆེད་བཅར་ཞུས་པའི་གཞོན་སྐྱེས་ཁག་གཅིག་ལ་གཟིམ་ཆུང་མཇལ་ཁ་དང་འབྲེལ་གཞོན་སྐྱེས་ཚོས་འཛམ་གླིང་གི་མི་གྲངས་ཐེར་འབུམ་བདུན་པོ་རྣམས་འགྲོ་བ་མི་གཅིག་གྱུར་ཡིན་པའི་བསམ་བློའི་སྟེང་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་འགན་འཁུར་ལེན་དགོས་པ་དང་། ད་ལྟའི་ཆར་ང་ཚོས་ཕན་ཚུན་འཁྲུག་རྩོད་བྱས་ནས་བསྡད་པ་དེར་སྙིང་པོ་གང་ཡང་མེད་པས་ང་དང་ཁྱོད་ཅེས་བརྗོད་པ་ལྟ་བུ་མིན་པར་འཛམ་གླིང་ཡོངས་དང་། འགྲོ་བ་མིའི་རིགས་ལ་བསམ་བློ་གཏོང་དགོས་སྐོར་བཀའ་སློབ་སྩལ།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་ཀྱི་མི་རབས་དེ་དག་ལ་ཕྱོགས་ཡོངས་ནས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། མ་འོངས་པའི་གཞོན་སྐྱེས་དག་གིས་འཛམ་གླིང་གི་མི་གྲངས་ཐེར་འབུམ་བདུན་པོ་རྣམས་འགྲོ་བ་མི་གཅིག་གྱུར་ཡིན་པའི་བསམ་བློའི་སྟེང་ནས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་འགན་འཁུར་ལེན་དགོས་པ་དང་། ད་ལྟའི་ཆར་འཛམ་གླིང་གོ་ལའི་ཚ་དྲོད་ཀྱི་གནས་སྟངས་དེ་ཉིད་ཛ་དྲག་ཆགས་ཀྱི་ཡོད་པས། ཛ་དྲག་ཆེ་བའི་གནས་སྟངས་དེ་ལྟ་བུའི་འོག་ང་ཚོས་ཕན་ཚུན་ནང་ཁུལ་འཁྲུག་རྩོད་བྱས་ནས་བསྡད་ན་སྙིང་པོ་གང་ཡང་མེད་པས། ཕན་ཚུན་གཅིག་ཕན་གཅིག་གྲོགས་དང་། གཅིག་གྱུར་གྱི་བསམ་བློའི་འདུ་ཤེས་གོང་མཐོར་གཏོང་དགོས་སྐོར་བཀའ་སྩལ་སོང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོ་མི་གཅིག་ལ་མཚོན་ན་ཁེར་རྐྱང་གིས་དཀའ་ཚེགས་ཆེ་བའི་གནས་བབ་ཅིག་བརྒྱུད་པའི་སྐབས། མི་གཞན་ཞིག་མཐོང་ན་མི་དེའི་རྒྱལ་ཁབ་དང་ཆོས་ལུགས། མི་རིགས་སོགས་ཀྱི་དྲི་བ་གང་ཡང་མེད་པར། འགྲོ་བ་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་ངང་ནས་དགའ་ཚོར་ཆེན་པོ་ཡོང་གི་ཡོད། དེ་མིན་ང་ཚོར་ཛ་དྲག་ཆེ་བའི་དཀའ་ཚེགས་གང་ཡང་མེད་པའི་གནས་སྐབས་སུ་ང་ཚོས་ཆོས་ལུགས་དང་། མི་རིགས། རྒྱལ་ཁབ་ཅེས་གཙོ་འདོན་དང་། གཞན་ཡང་དབུལ་ཕྱུག་སོགས་ཀྱི་ཁྱད་པར་འབྱེད་ཀྱི་ཡོད་སྐོར་ཕེབས་ཤིང་། མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལའི་ཚ་དྲོད་ཛ་དྲག་ཇེ་ཆེ་དང་། གནས་སྟངས་དེས་ང་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་ཉེན་བརྡ་ཞིག་གཏོང་གི་ཡོད། དེར་བརྟེན་ད་ལྟ་ང་ཚོ་འགྲོ་བ་མིའི་རིགས་ཡོངས་ནས་གཅིག་གྱུར་ཡིན་པའི་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་ཡོད་སྐོར་བཀའ་སྩལ་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎