བཙན་བྱོལ་ནང་ཁམས་སྐྱེ་རྒུའི་ས་ཡོམ་གྱི་ཞེ་དགུའི་མཆོད་འབུལ།
2010.06.01
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཕྱི་ཟླ་༤པའི་ཚེས་༡༤ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོའི་ཁུལ་ས་ཡོམ་གྱི་གོད་ཆགས་འོག་འདས་གྲོངས་སུ་གྱུར་པ་ཚོའི་ཆེད་དེ་རིང་ཕྱི་ཟླ་༦པའི་ཚེས་༡ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཞེ་དགུའི་མཆོད་འབུལ་གསོལ་འདེབས་རྒྱ་ཆེ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།
ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་འོག་འདས་གྲོངས་སུ་གྱུར་པ་དང་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་གོ་བསྒྲིགས་ཞུས་པའི་ད་རེས་ཀྱི་མཆོད་འབུལ་གསོལ་འདེབས་སྐབས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཡོངས་རྫོགས་ཕེབས་ཡོད་འདུག་པ་མ་ཟད་ མི་དམངས་སྟོང་ཕྲག་འགའ་ཤས་ཀྱང་མཉམ་ཞུགས་གནང་ཡོད་འདུག་ཅིང་ བཙན་བྱོལ་བོད་གཞུང་བཀའ་ཤག་གི་ལམ་སྟོན་འོག་འཛམ་གླིང་ས་ཕྱོགས་གང་སར་བོད་མི་གནས་ཡུལ་གྱི་ས་གནས་ཁག་གི་ནང་ཞེ་དགུའི་མཆོད་འབུལ་གསོལ་འདེབས་གནང་དང་གནང་བཞིན་པ་ཡིན་འདུག།
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ བལ་ཡུལ་ཁུལ་གནས་སྡོད་བོད་མི་རྣམས་ནས་ཀྱང་མཆོད་འབུལ་གསོལ་འདེབས་འདུ་ཚོགས་གནང་ཡོད་འདུག།
བཙན་བྱོལ་ནང་གནས་པའི་བོད་མི་ཚོས་སྐྱེ་རྒུ་མདོའི་བཞི་བཅུ་བཞིའི་ས་ཡོམ་གྱི་གོད་ཆགས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོའི་དཀའ་སྡུག་སེལ་ཐབས་སུ་དཔལ་འབྱོར་ཞལ་འདེབས་ཀྱི་ལས་གཞི་རྒྱ་མི་ཆུང་བ་ཞིག་སྤེལ་མུས་ཡིན་པ་རེད།