༸གོང་ས་མཆོག་གིས་ཨ་རིའི་ནང་མཛད་འཕྲིན་སྐྱོང་བཞིན་པ།

༧གོང་ས་མཆོག་གིས་ཨ་མི་རི་ཀའི་ཨེཏ་ལེན་ཀྲ་གྲོང་ཁྱེར་དུ་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གྲའི་ནང་ཁ་ས་ཕྱི་ཚེས་༡༨ཉིན་གྱི་མཛད་འཆར།

2010.10.19

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ཇོར་ཇི་ཡ་མངའ་སྡེ་ཨེཏ་ལེན་ཀྲ་གྲོང་ཁྱེར་དུ་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གྲའི་ནང་ཁ་ས་ཕྱི་ཚེས་༡༨ཉིན་གྱི་མཛད་འཆར་ཉིན་གཉིས་པའི་སྐབས། ཨེ་མོ་རི་གཙུག་ལག་སློབ་གྲ་དང་བོད་པའི་དགོན་སྡེ་ཁག་ལ་ཚན་རིག་སློབ་ཁྲིད་ཀྱི་འབྲེལ་ལམ་དེ་ནི་དགེ་འདུན་པ་དང་བཙུན་མ་ཚོར་དེང་རབས་ཀྱི་ཚན་རིག་ངོ་སྤྲོད་བྱེད་པར་ཕན་རླབས་ཆེན་པོ་ཡོད་པའི་བཀའ་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་༡༧ནས་༡༩བར་ཉིན་གསུམ་རིང་ཨ་མི་རི་ཀའི་ཨེཏ་ལེན་ཀྲ་གྲོང་ཁྱེར་དུ་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གྲའི་མཛད་འཆར་ནང༌། ཉིན་དང་པོར་སློབ་གྲ་དེའི་ནང་དུ་བྱམས་བརྩེའི་རང་བཞིན་དང༌། ཉམས་ལེན་བྱེད་སྟངས་སྐོར་བཀའ་སློབ་གནང་བ་དང༌། དེ་རྗེས་བདེ་སྐྱིད་དོན་དུ་གཉེར་ཚུལ་སྐོར་ཆོས་ལུགས་མི་འདྲ་བའི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་རེད།  ཕྱི་ཚེས་༡༨ཉིན་གཉིས་པར། བྱམས་བརྩེའི་སྒོམ་སྒྲུབ་བྱེད་ཕྱོགས་དང་འབྲེལ་བའི་ཉམས་ལེན་བྱེད་ཕྱོགས་དང༌། མ་འོངས་པའི་འཆར་གཞི་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་བ་མ་ཟད། བོད་པའི་དགོན་སྡེ་ཁག་ལ་སློབ་ཁྲིད་གནང་རྒྱུའི་ཚན་རིག་གི་སློབ་དེབ་བཞི་འཚམས་འབྱོར་བྱུང་བ་བཞིན་བོད་ཀྱི་སྐད་ཡིག་ནང་ཡིག་བསྒྱུར་བྱེད་པའི་སྒང་ཡིན་པ་དང༌། གང་མགྱོགས་དགོན་སྡེ་ཁག་གི་སློབ་གཉེར་བྱེད་པའི་སློབ་ཚན་གྱི་ཁོངས་སུ་སློབ་ཁྲིད་གནང་རྒྱུའི་དགོངས་གཞི་ཡོད་པའི་བཀའ་གནང་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་ལ། རྒྱ་ནག་ནང་མ་རྩའི་རིང་ལུགས་ཀྱི་དཔལ་འབྱོར་བསྒྱུར་བཅོས་ཕྱིན་པ་ཡིན་ན། དེ་ཡིས་རྒྱ་ནག་དམངས་གཙོའི་ལམ་ལུགས་ཐོག་བཅོས་བསྒྱུར་འགྲོ་གི་རེད་དམ་ཅེས་བཀའ་འདྲི་ཞུས་པའི་བཀའ་ལན་དུ། འཛམ་གླིང་གི་འགྱུར་གྲོས་ནི་རང་དབང་དང་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་བཞིན་ཡོད་པ་དང༌། མི་སྒེར་གྱི་རང་དབང་ནི་ཧ་ཅང་གི་རྩ་ཆེན་ཡིན་པར་བརྟེན་ནས་རྒྱ་ནག་ཀྱང་འཛམ་གླིང་འགྱུར་བགྲོས་དང་མཉམ་དུ་བསྐྱོད་དགོས་ཀྱི་རེད། རྒྱ་ནག་ནི་རྒྱལ་ཁབ་སྟོབས་ཆེན་དང་དཔལ་འབྱོར་ཆེན་པོ། འཛམ་གླིང་ནང་དུ་འགན་འཁུར་ལེན་མཁན་གྱི་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་དེ་ལྟར་འགན་འཁུར་བྱེད་པར་ཡིད་ཆེས་སྐྲུན་རྒྱུ་དང་གཞན་ལ་བརྩི་བཀུར་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད། གནས་ཚུལ་གང་ཡིན་སྦས་གསང་མེད་པར། ཁ་གསལ་དང་ཕྱི་གསལ་ནང་གསལ་དགོས་པ་ཡང་གལ་ཆེན་པོ་ཡིན་པའི་སྐོར་དང༌། ཉེ་ཆར་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་རྒྱ་ནག་ནང་ཆབ་སྲིད་རང་དབང་དགོས་པའི་སྐོར་གཏམ་བཤད་བྱས་པ་དེ་ཚོ་ཡང་རྒྱ་ནག་ནང་དུ་ཡར་རྒྱས་ཀྱི་འཕེལ་རིམ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎