༧གོང་ས་མཆོག་སྐུ་ཁམས་གསལ་དྭངས་བྱུང་ནས་ལྡི་ལིའི་བོད་ཁྱིམ་སྡོད་ཁང་དུ་ཆིབས་བསྒྱུར་གནང་ཡོད་པ།
2019.04.22

༄༅། །སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ཆེས་གསལ་དྭངས་བྱུང་སྟེ་དེ་རིང་སྤྱི་ཚེས་༢༢་ཉིན་Sheraton་གསོལ་མགྲོན་ཁང་ནས་ལྡི་ལིའི་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ས་གནས་མང་ཚོགས་ལ་སྐུ་ཉིད་སྐུ་ཁམས་དྭངས་སྐྱེད་བྱུང་ཡོད་པས་རྩ་བ་ནས་སེམས་ཁྲལ་བྱ་མི་དགོས་པའི་བཀའ་ཕེབས་ཡོད་པ་དང། སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཀྱང་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་ཕྲིན་ཁང་ལ། སྨན་པ་ཚོས་༧གོང་ས་མཆོག་གི་སྐུ་གཟུགས་ཁྱོན་ཡོངས་སུ་བརྟག་དཔྱད་ཞུས་ནས་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་འགྲེལ་བརྗོད་གནང་འདུག
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ཟླ་༤་ཚེས་༩་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཆིབས་སྒྱུར་བསྐྱངས་ཏེ་Max་སྨན་ཁང་དུ་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་གནང་བ་དང་ཉིན་གསུམ་རིང་སྨན་ཁང་དུ་བཞུགས་བཞག་གིས་སྨན་བཅོས་གནང་ཞིང་། དེ་ནས་སྤྱི་ཚེས་༡༢་ཉིན་སྐུ་གཟུགས་དྭངས་སྐྱེད་བྱུང་སྟེ་སྨན་ཁང་ནས་Sheraton་གསོལ་མགྲོན་ཁང་དུ་ཞབས་སོར་འཁོད་ནས་ཉིན་གྲངས་༡༠་རིང་སྐུ་ངལ་གསོས་ཏེ། སྤྱི་ཚེས་༢༢་ཉིན་ལྡི་ལིའི་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་། ཉིན་ཤས་རིང་ས་གནས་དེར་བཞུགས་འཆར་ཡོད་འདུག།
གསར་འགོད་པ་འཆི་མེད་དང་སངས་རྒྱས་རྒྱ་མཚོ།