༸གོང་ས་མཆོག་གིས་ལ་དྭགས་དད་ལྡན་ཆོས་ཞུ་བ་ཚོར་ཐུགས་རྗེ་ཆེན་པོའི་བཀའ་དབང་རྩལ་གནང་བ།
དེ་རིང་༸སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་ཉིན་གསུམ་པའི་སྐབས། འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་གནང་མཛད་པ་མ་ཟད་ལ་དྭགས་དགོན་ཚོགས་དང་ནང་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་མཐུན་མོང་མ་ཡིན་པའི་གདུལ་ཞིང་ཡིན་པའི་སྐོར་བཀའ་ཕེབས་གནང་སོང་།
༸གོང་ས་མཆོག་གིས་མུ་མཐུད་གསུངས་དོན་ལ་མགོན་པོ་གང་ཉིད་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་སྐུ་ཚབ་དང་། གསུང་གི་གསུང་ཚབ། ཐུགས་ཀྱི་ཐུགས་ཚབ་བཞིན་ཉིན་ལྟར་སྔ་དྲོར་མ་ཎི་ཕྲེང་འཁོར་གཉིས་ཙམ་རེ་གསོག་བཞིན་ཡོད་ཅེས་བཀའ་སྩལ་གནང་སོང་།
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཐུགས་བརྩེ་བ་ཆེན་པོས་ཐེངས་མང་ཆིབས་སྒྱུར་བསྐྱངས་ཡོད་ན་ཡང་ད་ལན་་རྟོག་དབྱིབས་ནད་ཡམས་རྐྱེན་པས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་ལ་ལོ་བཞིའི་རྗེས་སུ་ཆིབས་སྒྱུར་གནང་གི་ཡོད་དུས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་དད་ལྡན་ཆོས་ཞུ་བ་འགའ་ཞིག་ལ་དུས་ཡུན་རིང་པོའི་རྗེས་སུ་༧སྐུ་མདུན་གྱི་གསུང་ཆོས་ཀྱི་སྦྱིན་རླབས་ཐོབ་པར་ཁོང་ཚོར་ཚོར་བ་ཇི་བྱུང་སྐོར་འདྲིས་པར།
ལ་དྭགས་བྱང་ཐང་ཧན་ལེ་ནས་ཡིན་པ་ཟླ་བ་ལགས་ཀྱིས་ད་ལན་གསུང་ཆོས་འདི་དུས་འཁོར་དབང་དང་འདྲ་བའི་སྦྱིན་རླབས་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག ཡང་ལ་དྭགས་ཡུལ་མི་ཡིན་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུངས་ན། དགའ་བའི་རྟེན་འབྲེལ་དང་། སྐྱིད་པའི་ཉི་མ་ཤར། རྩ་བའི་བླ་མའི་བཀའ་དབང་ཐོབ། རྩ་བའི་བླ་མའི་བཀའ་དྲིན་གྱིས་སེམས་ཅན་ཐམས་ཅད་ལ་སྦྱིན་རླབས་དཔག་མེད་ཐོབ་སོང་ཞེས་འགྲེལ་བརྗོད་གནང་བྱུང་། ད་ལན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་ཉིན་གསུམ་པའི་བཀའ་དབང་གི་ཉིན་ཆོས་ཞུ་བ་ཁྱོན་མི་གྲངས་ཁྲི་དྲུག་ཙམ་ཡས་མས་ཤིག་ཕེབས་ཡོད་པ་ཚོད་དཔག་གནང་གི་འདུག
༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོང་རྒྱུའི་ཕྱི་ཟླ་ ༨ པའི་ཚེས་ ༡༠ ཉིན་ལ་དྭགས་ལིང་ཤེད་དགོན་པ་དང་ཡང་དེའི་རྗེས་ལ་དྭགས་ཟངས་དཀར་ཡུལ་དུ་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུའི་མཛད་འཆར་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།