༸གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་མཛད་པ།
ཕྱི་ལོ་ ༢༠༢༢ ཟླ་བ་ ༦ པའི་ཚེས་ ༣ ཉིན་ནས་བཟུང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་བརྟན་དང་། བསྟན་སྲིད་བདེ་ཐབས་ཀྱི་ཆེད་མ་ཎི་དུང་སྒྲུབ་གསོག་སྒྲུབ་གནང་མུས་ཡིན་པར་བརྟེན། འདི་ཚེས་༤ ཉིན་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དམིགས་བསལ་ཆིབས་སྒྱུར་བསྐྱངས་གནང་མཛད་དེ་ཐུགས་སྨོན་དང་བྱིན་རླབས་མཛད་གནང་སོང་།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས། མ་ཎི་རིལ་བུ་ནི་ཞེ་དྲགས་ཀྱི་རྩ་ཆེན་པོ་ཞིག་དང་ཕུན་གསུམ་ཚོགས་པ་ཞིག་ཡིན་ཞིང་། ལྷག་པར་དུ་དེའི་ནང་། ཆོ་ག་ཁྱད་པར་ཅན་ཞིག་དང་འབྲེལ་ནས་རྫས་དང་སྔགས་སོགས་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་སྒོ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བྱིན་རླབས་མཛད་པའི་རིན་ཐང་ཆེ་བའི་རིལ་བུ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་ཡང་ལོ་ལྟར་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གོ་སྒྲིག་འོག་ས་ག་ཟླ་བ་ཤར་བ་མ་ཐག་ཏུ་མ་ཎི་རིལ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་དེ་གནང་གི་ཡོད་པ་དང་། ས་ག་ཟླ་བ་ནི། སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་པ་དང་། སྐུ་མྱ་ངན་ལས་འདས་པ། མངོན་པར་རྫོགས་པ་སངས་རྒྱས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་ཤིག་ཏུ་འཁེལ་བའི་ཁྱད་དུ་འཕགས་པའི་དུས་ཚིགས་ཤིག་ཀྱང་ཡིན་ཞིང་། ནམ་རྒྱུན་ཟླ་བ་འདིར་འབུམ་འགྱུར་ཟླ་བ་ཞེས་འབོད་སྲོལ་ཡོད་པ་རེད།
ད་རེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་གསོག་སྒྲུབ་འདི་ནི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་དེ་ཉིད་ཀྱི་དགེ་འདུན་པ་རྣམ་པ་དང་། རྡ་ས་ཁུལ་གྱི་སེར་སྐྱ་ཕོ་མོ་རྣམས་ལྷན་བཞུགས་ཀྱིས་ཟླ་བ་ ༦ པའི་ཚེས་ ༨ བར་ཉིན་གྲངས་བརྒྱད་རིང་གསོག་སྒྲུབ་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།