༸གོང་ས་མཆོག་ནས་ལྡི་ལིའི་མཐོ་རིམ་སློབ་གྲྭར་བཀའ་སློབ།
2009.02.15
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཡོ་རོབ་རྒྱལ་ཁབ་ཁག་གཉིས་ནང་གི་ཆིབས་བསྒྱུར་གྱི་མཛད་འཆར་ཁག་ལེགས་པར་གྲུབ་གནང་བའི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་གནང་ཡོད་པ་དང་རེས་གཟའ་པ་སངས་ཉིན་རྒྱལ་ས་ལྡི་ལིའི་མཐོ་རིམ་སློབ་གྲྭའི་ནང་བྱམས་དང་སྙིང་རྗེའི་སྐོར་བཀའ་སློབ་གནང་ཡོད་པ་རེད།
ལྡི་ལིའི་མཐོ་རིམ་སློབ་གྲྭའི་ཚོགས་ཁང་ནང་བཀའ་སློབ་ཞུ་བར་སློབ་ཕྲུག་སྟོང་ཕྲག་ཆེད་བཅར་ཡོད་པ་དང་བཀའ་སློབ་ཀྱི་བརྗོད་གཞི་གཙོ་བོ་ནི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེ་འཕེལ་ཐབས་སྐོར་ཡིན་ཞིང་བཀའ་སློབ་མཛད་འཆར་དེ་ནི་མཐོ་རིམ་སློབ་གྲྭ་དེའི་ནང་གི་སློབ་ཕྲུག་ཚོའི་ཆེད་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་ཡང་ད་དུང་བཀའ་སློབ་ཉན་བར་མང་པོ་ཞིག་བཅར་ཡོད་པ་རེད། མཐོ་རིམ་སློབ་གྲྭ་དེའི་འགོ་འཛིན་གཞོན་པ་སྐུ་ཞབས་རྡི་པཀ་པ་ཏེལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐོ་རིམ་སློབ་གྲྭ་དེའི་ནང་བཀའ་སློབ་གནང་བར་སྐྱབས་འཇུག་ཞུས་དོན་བཞིན་ཞལ་བཞེས་ཀྱི་སྐལ་བཟང་ཐོབ་པར་ཐུགས་རྗེ་ཆེ་ཞུ་བའི་གསུང་བཤད་གནང་ཡོད་པ་རེད། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་གསར་པ་འདིའི་ནང་ཐེངས་དང་པོ་ད་རེས་ཉེ་ཆར་ཕྱི་ཚེས་བརྒྱད་ནས་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་འཇར་མ་ནི་གཉིས་ནང་ཆིབས་བསྒྱུར་གྱིས་ཐོག་མར་ཆིབས་བསྒྱུར་གནང་ཡུལ་ཨི་ཊ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་རོམ་དང་གྲོང་ཁྱེར་ལྦེ་ནི་སི་གཉིས་ཀྱིས་ཕྱི་ཚེས་དགུ་དང་བཅུ་ཉིན་རིམ་པ་བཞིན་ཆེ་བསྟོད་ཀྱི་མི་སེར་གྱི་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོ་གྲུབ་པའི་རྗེས་འཇར་མ་ནི་དུ་ཆིབས་བསྒྱུར་གྱིས་འཇར་མ་ནིའི་གསར་འགོད་པའི་ཆེ་བསྟོད་ཀྱི་བྱ་དགའ་ཆེ་ཤོས་དེ་ཕུལ་ཡོད་ཅིང་ཡོ་རོབ་རྒྱལ་ཁབ་གཉིས་ཀྱིས་ཆེ་བསྟོད་བྱ་དགའ་ཕུལ་བ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་མི་ལོ་ལྔ་བཅུ་རིང་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་གནང་བ་དང་ལྷག་པར་དུ་བོད་ཀྱི་གནད་དོན་དེ་བཞིན་འཚེ་མེད་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐབས་ཀྱི་ཕྱག་ལས་གནང་བའི་མཛད་རྗེས་ངོས་འཛིན་ཞུས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད༎