སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༩ པའི་ནང་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ཚོར་བཀའ་ཆོས་གནང་གཏན་འཁེལ་འདུག

དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་ཐོག་ཏུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱི་ཟླ་ ༩ པའི་མཛད་འཆར་ཁག་ཅིག་འགྲེམས་སྤེལ་གནང་ཡོད་པའི་ནང་། ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས ༡༢ དང་ ༡༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་རྣམས་ལ་ཆོས་འབྲེལ་སྩལ་གནང་རྒྱུ་དང་། ཟླ་ ༩ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག ཌལ་ཧོར་སློབ་ཟུར་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་ལ། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༣༠ དང་ཕྱི་ཟླ་ ༡༠ ཚེས ༡ བཅས་ཉིན་གཉིས་རིང་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་གནང་རྒྱུ་དང་། ཟླ་ ༡༠ ཚེས ༢ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་དུ་༧ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་ཞིང་། ཕྱི་ཟླ་ ༧ ཚེས་ ༨ ཉིན་བཞུགས་གནས་མགྲོན་ཁང་ Park Hyatt ནས་ཆིབས་ཐོན་མཛད་དེ་ནིའུ་ཡོག་མངའ་སྡེའི་ཁྱབ་ཁོངས་ས་གཞི་གུ་ཡངས་ས་ Syracuse སུ་ཆིབས་སྒྱུར་གནང་ཡོད་པ་རེད། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་ཨ་རིར་༧ཞབས་སོར་འཁོད་པའི་སྐབས་སུ་བོད་མི་ཁྲི་ཚོ་མང་པོ་འདུ་འཛོམས་ཀྱིས་ཕེབས་བསུ་ཞུས་ཡོད་པ་མ་ཟད། ཉིན་ལྟར་བཞུགས་གནས་མགྲོན་ཁང་ལ་ཕྱག་མཆོད་འབུལ་དང་སྐོར་རྭ་གསོག་མཁན་ཧ་ཅང་མང་པོ་བྱུང་ནས། བཞུགས་གནས་མགྲོན་ཁང་དེ་ཉིད་རེ་ཞིག་དགོན་པ་ལྟ་བུར་གྱུར་ཡོད་པ་རེད།
གསལ་བསྒྲགས་ལྟར་ན། གོང་འཁོད་གསུང་ཆོས་དང་བཀའ་སློབ་ཀྱི་ཚེས་གྲངས་ལ་འགྱུར་བ་འགྲོ་སྲིད་པ་ཡང་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།