༸གོང་ས་མཆོག་གི་བཀའ་སློབ་ཐད་ཀར་རྒྱང་བསྲིངས།
2015.09.30
༸གོང་ས་མཆོག་དེང་སྐབས་ཨ་རིའི་མེ་ནི་སོ་ཊའི་ནང་སྐུ་ལྷོད་བཞུགས་གནང་བཞིན་ཡོད་པ་ལྟར། དེ་རིང་བོད་མི་རྣམས་ལ་བཀའ་སློབ་བསྩལ་རྒྱུ་དེ་ཐད་ཀར་རྒྱང་བསྲིངས་གནང་རྒྱུ་རེད་འདུག
ཐད་ཀར་རྒྱང་བསྲིངས་ཆེད། འདིར་ནོན།
༄༅། །བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་ཟབ་མོ་ཐོབ་ནས་དེ་རིང་ཨ་རིའི་མེ་ནི་སོ་ཊ་མངའ་སྡེའི་ནང་གི་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་གནང་མཛད་འཆར་དེ་བཞིན་ UStream དྲ་ལམ་བརྒྱུད་ནས་ཐད་ཀར་རྒྱང་བསྲིངས་ཞུ་གཏན་འཁེལ་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ད་རིང་ཕྱི་ཟླ་༩ཚེས་༣༠གཟའ་ལྷག་པའི་སྔ་དྲོ་ས་གནས་ཀྱི་ཕྱག་ཚོད་༩པའི་ཐོག་Mayo Civic Center ཞེས་པའི་ཚོགས་ཁང་ཆེན་མོའི་ནང་མེ་ནི་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་མ་ཤེས་བཀའ་སློབ་དུས་ཡུན་ཕྱག་ཚོད་ཕྱེད་ཀ་ནས་སྐར་མ་༤༥ཙམ་བར་བསྩལ་གནང་ཁག་ UStream དྲ་ལམ་བརྒྱུད་ནས་ཐད་ཀར་རྒྱང་བསྲིངས་ཞུ་གཏན་འཁེལ་འདུག་པས་༧གོང་ས་མཆོག་གི་བཀའ་སློབ་དེ་བཞིན་བོད་ནང་ད་རིང་དགོང་དྲོའི་ཕྱག་ཚོད་༡༠པ་དང་རྒྱ་གར་ནང་དགོང་དྲོའི་ཕྱག་ཚོད་༧དང་ཕྱེད་ཀའི་ཐོག་མཇལ་ཐུབ་ཀྱི་རེད། གཞི་རྩའི་༧གོང་ས་མཆོག་གིས་ད་རེས་དབྱིན་ཡུལ་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་གཟའ་འཁོར་སྔོན་མར་འདི་ག་ཨ་རིར་ཆིབས་བསྒྱུར་བསྐྱངས་གནང་གིས་མེ་ནི་སོ་ཊ་མངའ་སྡེའི་གྲོང་ཁྱེར་Rochester གི་Mayo སྨན་ཁང་ལ་རྒྱུན་ལྡན་གྱི་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བར་ཆིབས་བསྒྱུར་བསྐྱངས་གནང་བ་དང་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུས་པའི་རྗེས་སུ་སྨན་པ་རྣམས་ནས་༧གོང་ས་མཆོག་སྐུ་ངལ་གསོས་དགོས་པའི་ཞབས་སྐུལ་ཞུས་སྟབས་ཕྱི་ཟླ་༡༠ནང་ཨ་རིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་རེད། ད་ཆ་༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ལེགས་པར་གྲུབ་སྟབས། ད་རིང་༧གོང་ས་མཆོག་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བོད་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གནང་མཛད་ཀྱི་ཡོད་ཅིང་། ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་ཁ་སང་ཕྱི་ཚེས་༢༩ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། ༧གོང་ས་མཆོག་ད་རིང་ཕྱི་ཚེས་༣༠ཉིན་རྒྱ་གར་ཕྱོགས་སུ་ཆིབས་ཞལ་འགྱུར་གནང་མཛད་འཆར་ཡོད་པ་དང་། ཡང་ཕྱི་ཟླ་༡༠ཚེས་༣ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་འཁོད་འཆར་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་བརྒྱུད་ནས་གནས་ཚུལ་སྤེལ་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།