༧གོང་ས་མཆོག་གིས་བོད་ནས་གསར་དུ་སླེབས་པ་ཚོར་བཀའ་སློབ།
2011.12.09
༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་དུ་བོད་ནས་ཆེད་དུ་བཅར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཟུར་མཇལ་དང་ལམ་སྟོན་བཀའ་སློབ་སྩལ་ཡོད་ཅིང་ ༧གོང་ས་མཆོག་ནས་ཕྱི་ཚེས་༧ཉིན་བོད་ནས་གསར་དུ་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་བའི་སྙིང་དོན་དུ་ རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་ཚོད་འཇམ་རྩུབ་གཉིས་ཀྱི་ཐོག་ནས་སློབ་གསོ་གཏོང་རྒྱུ་སོགས་ཐབས་ཤེས་མང་དག་ཅིག་བྱེད་ཀྱི་ཡོད་ཀྱང་ བོད་མི་ཚོའི་བསམ་བློ་རྩ་བ་ནས་བསྒྱུར་ཐུབ་མེད་པ་དང་གུང་ཁྲན་ཏང་ཡོན་ཡིན་པའི་བོད་རིགས་ལས་བྱེད་མཐོ་གྲས་ཚོའི་སེམས་ནང་དུའང་ གང་ལྟར་རང་ཉིད་བོད་པ་ཡིན་པའི་འདུ་བཤེས་འཛིན་ནས་ གུང་ཁྲན་ཏང་གི་དཔོན་རིགས་ཚོའི་་འདོད་པ་ལྟར་ཡོད་པ་ཞིག་ཡོང་གི་མེད་ བོད་གཞིས་ལུས་རྒྱ་ཆེའི་མི་མང་དང་བྱེས་ཀྱི་མི་མང་ལ་ཧ་ལས་པའི་སེམས་ཤུགས་ཡོད་པ་དེ་སུའི་བཀའ་དྲིན་རེད་ཅེ་ན་གུང་ཁྲན་ཏང་གི་བཀའ་དྲིན་རེད་ཅེས་ངས་རྒྱུན་དུ་ནས་བརྗོད་ཀྱི་ཡོད་ གང་ཡིན་ཟེ་ན་གུང་ཁྲན་ཏང་གིས་བོད་པར་སྡུག་པོ་བཏང་སྟེ་ བོད་པར་མཐོང་ཆུང་དང་བརྙས་བཅོས་ དེ་བཞིན་དབང་ཡོད་ཤོད་སྐབས་བོད་པའི་སེམས་ཤུགས་བརྟན་དུ་འགྲོ་རྒྱུ་ཞིག་ཆགས་ཀྱི་འདུག་ཅེས་དང་ དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རང་དབང་དང་མང་གཙོ་དོན་གཉེར་དེ་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད་པ་དང་ དེར་བརྟེན་འགྱུར་བ་ཏན་ཏན་འགྲོ་གི་རེད་ ཁྱེད་རང་ཚོ་ཚང་མས་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་ཞིག་དགོས་ བདེན་པ་ང་ཚོར་ཡོད་བསམ་པ་བྱས་ཏེ་སེམས་ཤུགས་མ་ཆག་པ་བྱེད་དགོས་སེམས་ཤུགས་དང་སྙིང་སྟོབས་འཁྱེར་ནས་འཛིན་དགོས་ཀྱི་རེད་ཅེས་བརྗོད་ཀྱི་མེད་ ང་ཚོས་འཚེ་བའི་ལམ་དུ་རྩ་བ་ནས་འགྲོ་རྒྱུ་མེད་ ང་ཚོས་འཚེ་མེད་ཞི་བའི་ལམ་ལ་རྟེན་ནས་འགྲོ་དགོས་ གཙོ་བོ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བདེན་པ་བདེན་སར་འཁྱོལ་བ་བྱ་རྒྱུར་ཤེས་ཡོན་དགོས་ ཤེས་ཡོན་ལ་དོ་སྣང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ འཛམ་གླིང་འདིའི་སྟེང་ཡར་རྒྱས་ཕྱིན་པའི་ལུང་པ་ཚང་མ་ཤེས་ཡོན་ཐོག་ནས་ཡར་རྒྱས་ཕྱིན་པ་རེད་མ་གཏོགས་འཛིང་རེས་བཏང་ནས་ཡར་རྒྱས་ཕྱིན་པའི་སྐད་ཆ་གང་ཡང་མེད་ དེང་དུས་ཀྱི་ཤེས་ཡོན་དང་ལག་རྩལ་ཐོག་ང་ཚོ་བོད་པ་རྗེས་ལུས་རེད་ དེ་ང་ཚོས་རྗེས་ཟིན་པ་ཞིག་བྱེད་དགོས་ཀྱི་རེད་སོགས་བླངས་དོར་གྱི་བཀའ་སློབ་སྩལ་འདུག