ཕྱིའི་དངོས་པོ་ཡར་རྒྱས་དང་མཉམ་ནང་སེམས་ཀྱི་ཡོན་ཏན་ཡར་རྒྱས།


2014.04.08
༧གོང་ས་མཆོག་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ༢༠༡༤།༤།༨ ༧གོང་ས་མཆོག་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ༢༠༡༤།༤།༨
པར། OOT

ཉི་ཧོང་གིས་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་དང་མཉམ་ནང་སེམས་ཀྱི་ཡོན་ཏན་ཡར་རྒྱས་གཏོང་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་ཡང་སྤྱི་ཟླ་བཞི་པའི་ཚེས་༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཉི་ཧོང་གི་Shintoཆོས་ལུགས་ཀྱི་ཆོས་དཔོན་དང་། ལས་སྣེ་ཁག་ལྷན་དུ་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་མཛད་པའི་སྐབས། ཉི་ཧོང་མི་དམངས་ནས་ཕྱིའི་འཕྲུལ་རིག་དང་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་གཏོང་བ་དང་མཉམ་དུ་ནང་སེམས་ཀྱི་ཡོན་ཏན་ཡར་རྒྱས་གཏོང་དགོས་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད། ད་དུང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་གི་ཆོས་ལུགས་མི་འདྲ་བ་མཉམ་ལེན་གནང་མཁན་དང་ལྷན་དུ་བགྲོ་གླེང་ལྷན་འཛོམས་གནང་རྒྱུ་དེ་ནི་འཛམ་གླིང་དེའི་ནང་ཆོས་ལུགས་མི་འདྲ་བ་རྣམས་འཆམ་མཐུན་ཡོང་ཐབས་ཀྱི་དགོངས་གཞི་གཙོ་བོ་གཅིག་ཡིན་ཞིང། དེར་བརྟེན་ཆོས་ལུགས་ཕན་ཚུན་འཆམ་མཐུན་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ངེས་པར་དུ་ཐོུང་མ་ཡིན་པའི་ཆོས་ལུགས་མི་འདྲ་དེ་དག་གི་ནང་དོན་ཤེས་དགོས་པ་དང། དེ་ཡང་ཆོས་ལུགས་དེ་དག་གི་ཕྱག་དཔེ་ཀློག་འདོན་བྱས་པ་ཙམ་ཁོ་ནས་འགྲིག་ཐབས་མེད་པར་ནང་དོན་གཏིང་གཟབ་པའི་ཐོག་ནས་ཤེས་དགོས་པ་མ་ཟད། ཆོས་ལུགས་མི་འདྲ་བ་ཉམས་ལེན་བྱེད་མཁན་དང་བགྲོ་གླེང་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཡིན་པ་རེད། ངོས་ནས་དེ་སྔ་ཉི་ཧོང་གི་Shinto ཆོས་ལུགས་ཉམས་ལེན་གནང་མཁན་དང་ཐེངས་མང་མཇལ་འཕྲད་གནང་མྱོངས་ཡོད་ལ་ད་རེས་བསྐྱར་དུ་Shinto ཆོས་བརྒྱུད་པའི་ལྷན་དུ་གང་འདྲ་བྱས་ནས་ནང་སེམས་ཀྱི་ཡོན་ཏན་གོང་འཕེལ་གཏོང་སྟངས་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད། སེམས་རྒྱུད་ཀྱི་ང་རྒྱལ་གྱིས་སེམས་ཀྱི་ཞི་བདེ་མེད་པ་བཟོ་བ་ཡིན་ཞིང། དེར་བརྟེན་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ཡ་རབས་བཟང་པོའི་སྤྱོད་པ་ཡར་རྒྱས་གཏོང་རྒྱུ་དང་སེམས་བརྒྱུད་དུ་བཟང་པོའི་ཡོན་ཏན་གོང་འཕེལ་གཏོང་ཐབས་ཀྱི་སློབ་ཁྲིད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། གལ་ཏེ་ཕྱིའི་དངོས་པོའི་དཔལ་ཡོན་ཡར་རྒྱས་ཁོ་ན་དང་དཔལ་འབྱོར་བཟོ་སྐྲུན་གྱི་འགྲན་རྩོད་ཁོ་ན་བསམ་ནས་བསྡད་ན་དེས་སེམས་ལ་དངངས་སྐྲག་དང་། ཡིད་ཆེས་དང་དྲང་བདེན་གྱི་སྤྱོད་པ་ཉམས་ཆགས་ཕྱིན་ནས་རང་ཤི་རྒྱབ་དགོས་པའི་རྐྱེན་རྩ་དེ་ལ་ཐུགས་ཀྱི་ཡོད་པ་རེད་ཅེས་དཔེ་མཚོན་དང་བཅས་འགྲོ་བ་མིའི་སེམས་བརྒྱུད་ཀྱི་བཟང་པོའི་ཡོན་ཏན་ཡར་རྒྱས་གཏོང་དགོས་པའི་སྐོར་ལ་བཀའ་སློབ་གཟབ་མོ་སྩལ་ཡོད་པ་རེད།
ཕྱི་ཚེས་༩ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉིོ་ཧོང་གི་བུའི་འབྲིང་རིམ་སློབ་གྲྭ་ཞིག་ཏུ་ཕེབས་ནས་ན་གཞོན་ཚོས་འཛམ་གླིང་དེའི་ནང་རེ་བའི་བྱ་བ་སྒྲུབ་རྒྱུ་ཇི་ལྟར་ཡོད་པའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་དང། དེའི་རྗེས་Myokokai ཆོས་ཚོགས་སུ་ཆིབས་བསྒྱུར་མཛད་པའི་རྗེས་ཉི་ཧོང་གི་Soto ཆོས་བརྒྱུད་ཀྱི་Rinnanjiདགོན་པར་ཕེབས་ནས་འགྲོ་བ་མིའི་བྱམས་བརྩེའི་ཕན་ཡོན་སྐོར་ལ་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་བསྐྱང་གནང་གི་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས་ཚེས༧ཉིན་སྤྱི་ལོ་༢༠༡༡ལོའི་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆག་ཆེ་ཤོས་ཕོག་ཡུལ་Sendaiཞེས་པའི་གྲོང་ཁྱེར་དེར་སྨོན་ལམ་གསུང་འདོན་གྱི་འདུ་ཚོགས་ཤིག་གི་ཐོག་གོད་ཆག་ཏེ་སེམས་ཤུགས་འཕར་རྒྱུའི་གཞི་རྩ་ཞིག་དང་། མ་འོངས་པ་དེ་བས་ལེགས་པ་ཞིག་བསྐྲུན་རྒྱུའི་ཐོག་བསམ་ཞིབ་བྱེད་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པའི་སྐོར་བཀའ་གནང་ཡོད་པ་རེད། དེ་བཞིན་༧གོང་ས་མཆོག་གིས་མི་ཤི་རྐྱེན་ཆག་བྱུང་བ་དེར་ཡིད་རྨུག་ནས་སྡུག་བསྔལ་བྱས་བསྡད་ན་དེས་རང་ཉིད་ལ་ཕན་རྒྱུ་ཕར་བཞག་མི་རྐྱེན་འདས་སུ་ཕྱིན་པ་རྣམས་ལའང་ཕན་ཐོག་ཡོང་རྒྱུ་མིན་སྐོར་བཀའ་གནང་འདུག ཡང་ཉི་ཧོང་གི་ཡུལ་མི་རྣམས་ལ་སེམས་ཤུགས་དང་རེ་བ་བསྐྲུན་ཆེད་༧གོང་ས་མཆོག་སྐུ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་དང་བོད་མིའི་དཀའ་སྡུག་སྐོར་བཀའ་གནང་བའི་ནང་། ངོས་རང་གི་རང་དབང་ལོ་ངོ་༡༦ ཡིན་པའི་སྐབས་ཤོར་བ་དང་རང་གི་ཡུལ་རང་ལོ་༢༤སོན་སྐབས་ཤོར་ཡོད། ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་ལོ་ངོ་༥༥རིང་དཀའ་སྡུག་དང་དཀའ་ངལ་མང་དག་གདོང་ལེན་བྱེད་དགོས་བྱུང་ཡོད་། ཡིན་ནའང་ང་ཚོས་རེ་བ་དང་སེམས་ཤུགས་ནམ་ཡང་ཆག་མེད་། ཐོག་མར་བོད་མི་བཙན་བྱོལ་བ་རྣམས་ལ་གཞིས་ཆགས་ཆེད་རྒྱ་གར་གཞུང་གིས་ཤིང་ནགས་ནང་ཁང་ས་གནང་སྐབས་བོད་མི་རྣམས་ཀྱིས་ཤིང་ནག་དང་ཚ་བས་སྡོད་མ་ཐུབ་པ་མ་ཟད་འཆི་བའི་ཉེན་ཁ་ཡོད་སྐོར་དཀའ་ངལ་བཤད་ཡོད་ཀྱང་ངོས་རང་ཉེ་སྔོན་ཕྱི་ཟླ་དང་པོའི་ནང་ས་གནས་དེ་གར་སྐྱོད་སྐབས་བོད་མི་རྣམས་ཀྱི་འཚོ་བ་ཡག་ཐག་ཆོད་ཐོག་སྐྱེལ་བཞིན་ཡོད་པ་མཐོང་བྱུང་ཞེས་སོགས་བཀའ་གནང་ཡོད་པ་རེད།


གསར་འགོད་པ་ཉི་མ་གཡུ་སྒྲོན་དང་ལྷུན་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎