༸གོང་ས་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་བསྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༩ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་རྭ་བའི་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པས་དབུས་པའི་ཕྱི་ནང་དད་ལྡན་སེར་སྐྱ་མི་མང་ལྔ་ཁྲི་བརྒལ་བར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཉིན་དང་པོའི་བཀའ་ཆོས་བསྩལ་ཡོད་ཅིང་།
༸གོང་ས་མཆོག་གིས་བཀའ་སྩལ་བའི་ནང་། སེམས་ཀྱི་དྲི་མ་གློ་བུར་པའམ་ཉོན་མོངས་པའི་གཉེན་པོ་མཆོག་ཏུ་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་དགོས་པ་དེ་ཡིན་ཞེས་དང་། ཡང་མགོན་པོ་གང་ཉིད་མཆོག་ནས་ཉིན་མཚན་དུས་དྲུག་ཏུ་བདག་པས་གཞན་གཅེས་པའི་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་བཞེས་ཀྱི་མཐིལ་དུ་འཛིན་བཞིན་པ་ལྟར། ཆོས་གྲོགས་ཚང་མས་ཀྱང་དེ་ལྟར་ཉམས་ལེན་གནང་དགོས་པའི་ལམ་སྟོན་བཀྲིན་ཆེ་བ་མཛད་གནང་སོང་།
ཐེངས་འདིའི་ཉིན་དང་པོའི་གསུང་ཆོས་ཞུ་བར་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་གི་ཁྲོད་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཁག་ཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམ་པས་མགྲིན་དབྱངས་གཅིག་གྱུར་ངང་ད་ལན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་དང་། གསུང་ཆོས་ཐོས་རྒྱུ་བྱུང་བ་དེ་ཧ་ཅང་གིས་བསྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་འདུག་ཅིང་། ལ་དྭགས་ནས་ཡིན་པ་པ་སངས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ང་རང་ལ་དྭགས་ཟངས་དཀར་ནས་གནས་མཆོག་རྡོ་རྗེ་གདན་དུ་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་དང་གསུང་ཆོས་འཐོབ་ཆེད་ཡིན་པས། ད་རེས་༸གོང་ས་མཆོག་སྐུ་དངོས་སུ་མཇལ་རྒྱུ་བྱུང་བ་དེས་སེམས་ལ་དགའ་ཚོར་དཔག་མེད་ཅིག་སྦྱིན་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་འབྲུག་ཡུལ་ནས་ཡིན་པ་ལེགས་སྐྱེས་སངས་རྒྱས་ལགས་ཀྱིས། སྤྱིར་བཏང་༸གོང་ས་མཆོག་དགུང་ལོ་བགྲེས་པོར་ཕེབས་པའི་དུས་སྐབས་འདིར་མགོན་པོ་གང་ཉིད་ཀྱི་གསེར་ཞལ་མཇལ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་བ་དེ་ནི་ཧ་ཅང་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། གཞན་ཡང་མོན་རྟ་དབང་ནས་ཡིན་པ་ཌོག་ཀྲར་རྣམ་རྒྱལ་གྲགས་པ་ལགས་ཀྱིས། ང་དང་མཉམ་དུ་མོན་རྟ་དབང་ནས་མི་མང་པོ་ཞིག་གསུང་ཆོས་ལ་བཅར་ཡོད། དེ་སྔ་ང་ཚོའི་རྟ་དབང་ལུང་པའི་ནང་༸གོང་ས་མཆོག་ཐེངས་འགའ་ཤས་ཆིབས་སྒྱུར་སྐབས་གསེར་ཞལ་མཇལ་རྒྱུ་དང་གསུང་ཆོས་ཞུས་མྱོང་། ད་ལན་སླར་ཡང་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་དང་གསུང་ཆོས་ཞུ་རྒྱུ་བྱུང་བར་བསྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུང་བྱུང་། ད་ལན་གྱི་གསུང་ཆོས་དེ་བཞིན་དད་ལྡན་ཆོས་ཞུ་བ་རྣམས་ལ་བརྙན་འཕྲིན་བརྒྱུད་ནས་ཐད་གཏོང་གནང་བ་དང་རླུང་འཕྲིན་བརྒྱུད་སྐད་རིགས་མི་འདྲ་བ་ཁག་ ༡༨ ཐོག་ཐད་ཀར་གསུང་སྒྱུར་ཐད་གཏོང་གནང་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།