༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་སྲིད་བློན་ (Mark Carney) ལགས་སུ་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག
ཕྱི་ལོ་ ༢༠༢༥ ཟླ ༤ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་སྲིད་བློན་ (Mark Carney) ལགས་སུ་ཁོང་གི་འགོ་ཁྲིད་འོག ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་སྩལ་འདུག
འཚམས་འདྲིའི་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་མཆོག་ནི་ཁེ་ན་ཌའི་ཆེ་བསྟོད་མི་སེར་གྱི་གནས་བབས་ལྡན་མཁན་ཞིག་ཡིན་པའི་ཆ་ནས། ཁེ་ན་ཌའི་རྒྱལ་ཁབ་དེ་བཞིན་ཚགས་ཚུད་སྲ་བརྟན་ལྡན་པའི་མང་གཙོའི་ལམ་བུར་བསྐྱོད་བཞིན་པར་གང་ཉིད་དགྱེས་ཚོར་བྱུང་བཞིན་ཡོད་པ་དང་འབྲེལ། འདས་པའི་ལོ་ཡུན་ནང་གང་ཉིད་ཁེ་ན་ཌར་ཆིབས་སྒྱུར་མཛད་སྐབས། ཁེ་ན་ཌའི་མི་མང་རྣམས་ཀྱིས་མཛའ་གྲོགས་དང་བརྩེ་བའི་འདུ་ཤེས་ཀྱི་རྣམ་འགྱུར་བསྟན་པ་འདི་དག་ལ་ཐུགས་ཡི་རངས་ཆེན་པོ་གནང་གི་ཡོད་པ་བཀའ་སྩལ་མཛད་འདུག
མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཞིང་། སྲིད་བློན་གསར་པའི་དབུ་ཁྲིད་འོག་ཁྱབ་ཁོངས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་། ཞི་བདེ་ལྡན་པའི་གོ་ལ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག
གཞན་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ (Mark Carney) ལགས་འོས་བསྡུའི་ཁྲོད་ཁེ་ན་ཌའི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་གནང་མཛད་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྣམ་རྒྱལ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།